དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མོ་ཀྲུང་གི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་བ།

    མོ་རི་ཐ་ནི་ཡའི་ཙུང་ཐུང་ཅ་ཙི་ཝ་ཉིར་བཅར་འདྲི་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀོན་ཁེ་ཅང་དང་ཙོའུ་སུང་།   |     སྤེལ་དུས།  2025-07-25

    ད་ལོ་ནི་ཀྲུང་གོ་དང་མོ་རི་ཐ་ནི་ཡ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། ཉེ་ཆར་མོ་རི་ཐ་ནི་ཡའི་ཙུང་ཐུང་ཅ་ཙི་ཝ་ཉི་ཡིས་རྒྱལ་ས་ནོ་ཝ་ཁ་ཆོ་ཐེ་རུ་ཡོད་པའི་ཙུང་ཐུང་ལས་ཤག་ཏུ་ཀྲུང་གོའི་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱེད་སྐབས། ཉེ་བའི་ལོ་ཤས་རིང་། མོ་ཀྲུང་གི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་གསར་གཏོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་ཐེབས་ཡོད། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།

    ཅ་ཙི་ཝ་ཉི་ཡིས་མོ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60སོང་རིང་། ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཕྱིན་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་མང་པོའི་ཐད་མོ་ཀྲུང་རྒྱལ་ཁབ་གཉིས་ཀྱི་ལངས་ཕྱོཌ་ཚད་མཐོའི་གཅིག་མཐུན་ཡིན། མོ་ཀྲུང་གིས་གཉིས་ཁེ་གཉིས་ཕན་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག མཛའ་གྲོགས་མཉམ་ལས་འཕེལ་རྒྱས་བཏང་བས་རྨང་གཞིའི་འཛུགས་སྐྲུན་དང་། ཉ་ལས། འཕྲོད་བསྟེན། སློབ་གསོ། ནུས་རྒྱུ། བཟོ་ལས། སྐྱེལ་འདྲེན། གྲངས་འཛིན་ལག་རྩལ་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད།

    ཀྲུང་གོ་ནི་མོ་རི་ཐ་ནི་ཡའི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་པོ་དེ་ཡིན། 2024ལོར་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་24.2ཟིན་པ་དེ་དུས་མཚུངས་ལས་7.8%ཙམ་འཕར་ཡོད། 2024ལོའི་ཟླ་12ཚེས་1ཉིན་ནས་བཟུང་ཀྲུང་གོས་མོ་རི་ཐ་ནི་ཡ་ཚུད་པའི་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་དར་རྒྱས་གཏན་ནས་མེད་པའི་རྒྱལ་ཁབ་ཚང་མར་དཔྱ་ཁྲལ་རྣམ་གྲངས་ཀྱི་ཐོན་རྫས་100%ལ་སྒོ་ཁྲལ་མི་དགོས་པའི་ཐོབ་ཐང་སྤྲད་ཡོད། ཅ་ཙི་ཝ་ཉི་ཡིས་ཀྲུང་གོ་ཕྱོགས་ཀྱི་བྱེད་ཐབས་ལས་མོ་ཀྲུང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་འགྲོ་རྒྱུ་རེད། མོ་རི་ཐ་ནི་ཡས་རང་ཉིད་ཀྱི་ལེགས་ཆར་བརྟེན་ནས་དེ་བས་མང་བའི་ཀྲུང་གོའི་མ་འཇོག་གི་ཡིད་དབང་བཀུག་སྟེ་འཕེལ་རྒྱས་དེ་བས་ཡག་པོ་ཡོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།

    ཅ་ཙི་ཝ་ཉི་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་དམིགས་ཡུལ་ནི་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་མཉམ་སྐྲུན་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་རྒྱ་ཆེར་གཏོང་རྒྱུ་དེ་རེད། མོ་རི་ཐ་ནི་ཡས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་བརྟན་པོ་དང་དེའི་ནང་ཧུར་ཐག་ཞུགས་ནས་མོ་ཀྲུང་མཉམ་ལས་ཁྱབ་ཁོངས་དེ་བས་རྒྱ་ཆེར་འགྲོ་བར་སྐུལ་འདེད་གཏོང་གི་ཡིན། ཀྲུང་གོའི་ཁེ་ལས་ཀྱིས་མོ་རི་ཐ་ནི་ཡ་དང་སེ་ནེ་ཀལ་འབྲེལ་མཐུད་བྱེད་པའི་ལུའོ་སུའོ་ཆུ་བོ་བརྒལ་བའི་ཟམ་ཆེན་འཛུགས་སྐྲུན་དང་། ཆུ་འབྲས་འདེབས་འཛུགས། སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་རིམ་སྤོར་སོགས་ཀྱི་རྣམ་གྲངས་ནང་ཧུར་ཐག་ཞུགས་ནས་མོ་རི་ཐ་ནི་ཡའི་ཕྱོགས་སྒྱུར་རིམ་སྤོར་དང་དཔལ་འབྱོར་དང་དམངས་འཚོ་ལེགས་སུ་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད།

    ད་ལོ་ནི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ་25འཁོར་བའི་ལོ་ཞིག་རེད། ཅ་ཙི་ཝ་ཉི་ཡིས་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ལས་མཐུན་སྒྲིལ་མཉམ་ལས་དང་སྒོ་དབྱེ་བསྟུན་མཁས་ཀྱི་སྙིང་སྟོབས་མངོན་ནས་ཧྥེ་ཀྲུང་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་ཆེའི་ལས་སྟེགས་སུ་གྱུར་ཡོད། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་ཧྥེ་ཀྲུང་གིས་རྨང་གཞིའི་འཛུགས་སྐྲུན་དང་། ནུས་རྒྱུ། ཉ་ལས། ཞིང་ལས། གྲངས་འཛིན་ཅན་སོཌ་ཁྱབ་ཁོངས་ཁག་ཏུ་གྲུབ་འབྲས་གཟེངས་ཐོན་གྱི་མཉམ་ལས་བྱས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བརྗོད།

    ཅ་ཙི་ཝ་ཉི་ཡིས་ཧྥེ་ཀྲུང་མཉམ་ལས་དེ་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། ཧྥེ་ཀྲུང་དཔལ་འབྱོར་ལ་ཚད་མཐོའི་གསབ་རེས་བྱུང་ནས་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད། རྒྱལ་སྤྱིའི་འགྱུར་ལྡོག་དང་ཉམས་ཉེན་མང་པོའི་མདུན་དུ་ཧྥེ་ཀྲུང་གིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དེ་བས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། ཕྱོགས་ཁག་ལ་གཉིས་ཁེ་གཉིས་ཕན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།