“ཀྲུང་གོས་སྐྱེ་ཁམས་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ”
“ང་ཚོས་ཁུན་མིང་མཚེའུ་ཡི་ངོགས་ནས་ཆུ་བྱས་གཤོག་རྩལ་ངོམས་ནས་འཕུར་ལྡིང་བྱེད་པ་དང་། ཉ་མོ་ཆུ་ནང་དུ་ཅི་དགར་འཁྱུག་པ། མཚེའུ་འགྲམ་དུ་ཡོད་པའི་ཡུལ་སྐོར་བས་སྐྱོད་མཚམས་ཡང་ཡང་བཞག་ནས་ཡུལ་ལྗོངས་ལ་ལྟ་བའམ་ཡང་ན་པར་རྒྱག་པ་མཐོང་བྱུང་། མཚོ་ཆུ་དྭངས་ཤིང་རི་བོ་སྔོ་བའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཀྱི་ཁྲོད་དུ་མི་དང་རང་བྱུང་ཁམས་ཀྱིས་སྙན་ཞིང་འཇེབས་པའི་རོལ་དབྱངས་ཤིག་ཐུན་མོང་དུ་བརྩམས་འདུག”ཅེས་ཐེ་ལན་གོང་མ་ཚང་ནགས་ལས་ཅུས་ཀྱི་དཔོན་རིགས་ཏི་ས་ཨོང·ཨའེ་ཐི་ཡ་ལི་ཡ་སུའུ་ནུང་གིས་འདི་ག་ཚགས་པར་གྱི་གསར་འགོད་པར་ཉེ་ཆར་ཁུན་མིང་གྲོང་ཁྱེར་གྱི་ཁུན་མིང་མཚེའུ་ལ་ལྟ་སྐོར་བྱས་པའི་མཐོང་ཐོས་བརྗོད།
“ཀྲུང་གོས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་མཐོ་རུ་བཏང་ནས། སྐྱེ་ཁམས་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་ནི་ཀྲུང་གོས་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་པར་གྲུབ་འབྲས་ཐོབ་པའི་འགག་རྩ་རེད”ཅེས་ཏི་ས་ཨོང་གིས་མྱོང་ཚོར་ཟབ་མོས་བརྗོད།
ཉེ་ཆར་ཀྲུང་གོའི་ཚོང་དོན་པུས་གཙོ་གཉེར་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དོ་དམ་ལས་བྱེད་པའི་སློབ་གླིང་གིས་སྒྲུབ་འགན་འཁུར་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཞིབ་སྦྱོང་འཛིན་གྲྭ་བདེ་བླག་ངང་གཉེར་ཞིང་། ཆི་ལི་དང་། ཨེ་ཅིབ། ཨེ་ཙེ་ཨོ་ཕི་ཡ། ཀ་པོན། རོ་མ་ནི་ཡ། སི་རི་ལན་ཁ། ཐེ་ལན། ཙམ་པབ་ཝེ་བཅས་རྒྱལ་ཁབ་8ཀྱི་དཔོན་རིགས་དང་རིགས་གཅིག་མཁས་ཅན་ཞུགས་པ་དང་འབྲེལ། ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་འཚམས་འདྲི་དང་རྟོག་ཞིབ་ལ་བསྐྱོད་དེ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་དང་ལག་ལེན་གྱི་ཉམས་མྱོང་སྤེལ་རེས་དང་མཉམ་སྤྱོད་ཀྱང་བྱས་པ་རེད།
ཡུན་ནན་ཞིང་ཆེན་གྱི་ཅའོ་ཙི་ཧྲན་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྐྱོད་སྐབས། རྩྭ་རྩི་ཤིང་གི་ལོ་འདབ་རྒྱས་ནས་ལྗང་ཐིང་ངེར་གནས་པ་དང་། རྒྱང་རིང་ལ་ལྟ་སྐབས་རི་བོ་སྨུག་པས་བསྒྲིབས་ནས་རབ་རིབ་ཏུ་གྱུར་པ། འདབ་ཆཌ་ཀྱིས་སྐད་སྙན་སྒྲོག་པའི་བྲག་ཅ་རི་བོའི་གསེབ་ཏུ་ལྷང་ལྷང་དུ་འཁོར་བ་ལ་སོགས“སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུ་དེ་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས་སུ་ཞིག་ཡིན་རུང་སྣང་མེད་དུ་གཏོང་མི་རུང་། རྒྱལ་ཁབ་ཁག་གིས་དངོས་འབྲེལ་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་མཐུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱས་ཚེ་གཞི་ནས་སྔོ་ལྗང་རི་ཀླུང་གི་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་ཡོང་ཐུབ”ཅེས་རོ་མ་ཉི་ཡའི་རི་སྐྱེས་སྲོག་ཆགས་དང་རི་ཁུལ་ཐོན་ཁུངས་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་དབྱི་ཨང·སྨི་ཧའེ·པོ་ཕུའུ་ཡིས་བརྗོད།
ཁུན་མིན་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་སུ་ལས་དོན་པས་སློབ་མ་ཚོར“གནམ་མཁའ་ས”གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱ་དངོས་སུ་བེད་སྤྱོད་བྱས་པ་བསྟན་པ་རེད། མི་མེད་གནམ་གྲུས་རང་འགུལ་སྐོར་སྲུང་བྱེད་པ་དང་ཆབས་ཅིག གྲངས་གཞི་དག་རིག་ནུས་དབྱེ་ཞིབ་ལས་སྟེགས་སུ་དུས་ཐོག་ཏུ་བསྐུར་ནས་ཉིན་མཚན་མེད་པར་སྔོ་ལྗང་རི་ཀླུང་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། ཆི་ལི་ནགས་ལས་ཅུས་ཀྱི་སྐྱེ་དངོས་རིག་པའི་རིགས་གཅིག་མཁས་ཅན་ཁེ་ལི་སི་ཐུའོ་ཧྥུའུ·སའེ་ཕུར་ཝེ་ཏ·སུའོ་པུའུ་ཝེས་ཚན་རྩལ་ལ་བརྟེན་ནས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པར་དོ་ཁུར་ཆེན་པོ་བྱེད་ཅིང་། ཁོང་གིས“ལག་ལེན་དེ་དག་ལས་ཀྲུང་གོས་ཚན་རྩལ་ལ་བརྟེན་ནས་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་རྒྱུན་མཐུད་ཡོང་བར་འདེཌ་སྐྱོར་ནུས་ལྡན་བྱས་པ་ང་ཚོས་མཐོང་་བྱུང”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།