ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་མགྱོགས་སུ་ཕྱིན་ནས་ཟླ་དྲུག་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་7ཚེས་21ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་2025ལོའི་ལོ་སྟོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་འཕེལ་རྒྱས་གྲུབ་འབྲས་དང་ཞབས་འདེགས་ཞུ་ཐབས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་35.9ཟིན་པ་དེ་དུས་མཚུངས་ལས་57.7%འཕར་བ་དང་། ཟླ་དྲུག་བསྟུད་མར་མགྱོགས་མྱུར་འཕར་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་31.8ཟིན་ནས་112.1%འཕར་བ་དང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་4.1ཟིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་8ཀྱིས་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་ཕྱོགས་ཡོངས་ནས་གཉེར་ཏེ་སྐས་རིམ་གྱི་འཕེལ་རྒྱས་རྣམ་པ་ཆགས་ཡོད། ཟི་ལིང་གྲོང་ཁྱེར་གྱིས་ལིས་གློག་རྫས་དང་། ཐཱན་ཚི་སྣ། སྭེལ་ལྕགས། ཧ་ཡང་རྒྱུ་ཆ་སོགས་དང་། ས་མཐོའི་ཁྱད་ལྡན་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ཀྱི་ཞིབ་ཅིང་ཟབ་པའི་ལས་སྣོན་ཐོན་ལས་ཀྱི་ཕྱི་ལ་ཁ་ཕྱོགས་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལོ་སྟོད་དུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་28.6ཟིན་པ་དེ་དུས་མཚུངས་ལས་52.8%འཕར་ནས་ཞིང་ཆེན་ཡོངས་ཀྱི་79.6%བཟུང་ཡོད་པ་དང་། མཚོ་ཤར་གྲོང་ཁྱེར་གྱིས་མེ་ཐུབ་རྒྱུ་ཆ་དང་། ཐཱན་རྒྱུ། ལག་ཐོགས་ཁ་པར་སོགས་ཐོན་ལས་དང་གྲང་འཁྱགས་སྔོ་ཚལ་ཐོན་སྐྱེད་ལ་དམིགས་ནས་འབྲུ་རིགས་ལོ་ཏོག(ཞོག་ཁོག)དང་པད་ཁའི་རང་གཉེར་ཕྱིར་གཏོང་བྱེད་མྱོང་མེད་པ་ནས་ཚད་བརྒལ་བྱུང་སྟེ། ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་2.6ཟིན་པ་དེ་དུས་མཚུངས་ལས་30.5%འཕར་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཚྭ་ཁའི་རྫས་འགྱུར་བཟོ་ལས་ཐོན་ལས་འཕེལ་རྒྱས་ཀྱི་ཞིབ་ཕྲའི་རྫས་འགྱུར་བཟོ་ལས་ལ་དམིགས་ཏེ། ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་2.2ཟིན་པ་དེ་དུས་མཚུངས་ལས་ལྡབ་1.5འཕར་ཡོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཆུ་གྲང་ཉ་དང་མངར་ཤིང་གི་ཆེ་ཞིང་གཏིང་ཟབ་པའི་ལས་སྣོན་ཐོན་ལས་རྒྱ་སྐྱེད་དང་སྤུས་ཚད་མཐོར་གཏོང་ལ་དམིགས་ཏེ། སྲོལ་རྒྱུན་ཐོན་ལས་སྟོབས་ཆེར་བཏང་ནས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་2.4ཟིན་པ་དེ་དུས་མཚུངས་ལས་ལྡབ་1.4འཕར་ཡོད། སྒོ་དབྱེ་ལས་སྟེགས་ཀྱི་ནུས་རིམ་སྔར་བས་མཐོ་རུ་ཕྱིན་ནས་ཟི་ལིང་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་22ཟིན་པ་དེ་དུས་མཚུངས་ལས་ལྡབ་1.2འཕར་བ་དང་ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.8ཟིན་ནས་འཁོར་སྐྱོད་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།