མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་13པེ་ཅིང་གི་འཛད་སྤྱོད་རོགས་སྐྱོར་བྱེད་སྒོར་ཞུགས་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཞིང་ཆེན་ནང་ཁུལ་གྱི་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཁེ་ལས་13སྒྲིག་འཛུགས་བྱས་ནས“འཛད་སྤྱོད་རོགས་སྐྱོར་བྱེད·རྒྱལ་སར་སོས་ཟས་འཚོང”ཞེས་པའི་2025ལོའི་པེ་ཅིང་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་འཛད་སྤྱོད་རོགས་སྐྱོར་རིམ་སྤེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དང་མཉམ་ལས་ས་ཁུལ་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་ཉོ་སྒྲུབ་ཕྱིར་ཚོང་སྦྲེལ་མཐུད་ཚོགས་འདུར་ཞུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ནི་ཞིང་ཆེན་ཚོང་དོན་ཐིང་གིས་མཚོ་སྔོན་དང་པེ་ཅིང་གི་ཁ་གཏད་རོགས་སྐྱོར་གྱི་ལས་ཀ་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། པེ་ཅིང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག མཚོ་སྔོན་ཞིང་ཆེན་དང་རྒྱལ་ས་པེ་ཅིང་གིས་འཛད་སྤྱོད་རོགས་སྐྱོར་ཁྱབ་ཁོངས་སུ་མཉམ་ལས་ཀྱི་འབྲེལ་བ་ཟབ་མོ་བཙུགས་ཡོད། པེ་ཅིང་གྲོང་ཁྱེར་གྱིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རྒྱུན་མཐུད་མ་འཇོག་དང་ལས་བྱེད་པ་འདེམས་གཏོང་བྱས་ཤིང་། གཙོ་གནད་ཁྱབ་ཁོངས་ཆེན་པོ་ལྔ་ལ་དམིགས་ནས་རྒྱུན་མཐུད་ཤུགས་བཏོན་ཏེ་ས་གནས་དེ་གའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བར་རམ་འདེགས་བྱས་པ་རེད། ཐེངས་འདིའི་བྱེད་སྒོར། མཚོ་སྔོན་ཞིང་ཆེན་གྱི་འགྲེམས་ཞུགས་ཁེ་ལས་ཁག་གིས་འགྲེམས་སྟོན་འོས་སྦྱོར་དང་། རོ་བཅུད་མྱོང་བ། ཡུལ་དངོས་གྲོས་མོལ་སོགས་རྣམ་པ་སྣ་ཚོགས་བརྒྱུད་རྒྱལ་སའི་ཞིང་ལས་ཐོན་རྫས་ཚོགས་པ་དང་། ཤིན་ཧྥ་ཏི། ཝུའུ་མེ། ཅིང་ཏུང་སོགས་པེ་ཅིང་གི་ཉོ་སྒྲུབ་ཕྱོགས་30ལྷག་ཙམ་དང་སྦྲེལ་མཐུད་གཏིང་ཟབ་བྱས་ནས། མཚོ་སྔོན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་ཚོང་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།