བོད་ཀྱི་མི་གཉིས་ལ“རྒྱལ་ཡོངས་ཀྱི་བདེན་པའི་རྒྱབ་ལངས་ཀྱི་དཔེ་བཟང་བའི”མཚན་སྙན་ཐོབ་པ།
ཟླ་7ཚེས་21ཉིན་རྒྱལ་ཡོངས་ཀྱི་བདེན་པའི་རྒྱབ་ལངས་ཀྱི་དཔེ་བཟང་བར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྐབས་བཅོ་ལྔ་པ་པེ་ཅིང་དུ་འཚོགས་ཤིང་། མི་སྒེར་8དང་ཚོགས་པ་2ལ“རྒྱལ་ཡོངས་ཀྱི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི”མཚན་སྙན་ཐོབ་པ་དང་། མི་སྒེར་40དང་ཚོགས་པ་10ལ“རྒྱལ་ཡོངས་ཀྱི་བདེན་པའི་རྒྱབ་ལངས་ཀྱི་དཔེ་བཟང་བའི”མཚན་སྙན་ཐོབ་ཡོད། དེའི་ནང་རང་ལྗོངས་ཀྱི་ཟླ་བ་དོན་གྲུབ་དང་སྐལ་བཟང་རྡོ་རྗེར“རྒྱལ་ཡོངས་ཀྱི་བདེན་པའི་རྒྱབ་ལངས་ཀྱི་དཔེ་བཟང་བའི”མཚན་སྙན་ཐོབ་ཡོད།
ཟླ་བ་དོན་གྲུབ། སྐྱེས་པ། བོད་རིགས། 1997ལོའི་ཟླ་9པར་སྐྱེས། རང་སྲོག་བློས་གཏོང་མ་བྱས་གོང་བོད་ལྗོངས་འདམ་ཤོད་དཀར་མོ་པར་ལེན་རིག་གནས་ཚད་ཡོད་ཀུང་སིའི་ཅིང་ལི་གཞོན་པ་ཡིན་པ།
2022ལོའི་ཟླ་7ཚེས་24ཉིན། ཟླ་བ་དོན་གྲུབ་གདན་ཞུས་ལྟར་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་པད་མ་དཀར་པོ་སྤྲོ་གསེང་གྲོང་ཚོར་ཡུལ་ལྗོངས་པར་ལེན་བྱེད་པར་བསྐྱོད། ཆུ་ཚོད་15ཙམ་ལ་མི་རིང་བའི་སར་ཡོད་པའི་ཆུ་འགྲམ་ནས“ཕྲུ་གུ་འདི་གཉིས་སྐྱོབ་རོགས། ཕྲུ་གུ་འདི་གཉིས་སྐྱོབ་རོགས”ཞེས་པའི་སྐད་སྒྲ་གུར་ནང་པར་ལེན་བྱེད་བཞིན་པའི་ཟླ་བ་དོན་གྲུབ་སོགས་ཀྱིས་ཐོས་རྗེས། ཁོང་ཚོ་ལམ་སེང་མར་དོན་ནས་སྒྲ་གྲགས་པའི་ཕྱོགས་དེར་བལྟས་པས། ཕྲུ་གུ་ཆུ་ནང་དུ་ལྷུང་བ་ཚོར། ཟླ་བ་དོན་གྲུབ་ཀྱིས་འཕྲལ་དུ་ཆུ་ནང་དུ་མཆོངས་ཏེ། ཕྲུ་གུ་དེ་གཉིས་སྐྱོབ་པར་ཕྱིན། ཁོང་གིས་སྔོན་ལ་ཆུ་འགྲམ་དང་ཐག་ཉེ་སར་ཡོད་པའི་ཕྲུ་གུ་དེའི་ཕྱོགས་སུ་རྐྱལ་བརྒྱབ་ནས་ཕྲུ་གུ་དེ་བདེ་བླག་ངང་བསྐྱབས་པ་དང་། དེ་རྗེས་སླར་ཡང་ཆུའི་ནང་ཕྱིར་ལོག་བརྒྱབ་ནས་ཕྲུ་གུ་གཞན་དེ་འཇུས་ཏེ་ཆུ་འགྲམ་དུ་བསྐྱལ། དེ་རྗེས་མང་ཚོགས་དང་མཉམ་དུ་ཕྲུ་གུ་དེའང་བདེ་བླག་ངང་བསྐྱབས་པ་རེད། ཡིན་ནའང་འབྲུབ་ཆུ་རྒྱས་དུས་ཆུ་གཏིང་རིང་བ་དང་ཆུ་རྒྱུན་དྲག་ཏུ་རྒྱུག་པས་ཟླ་བ་དོན་གྲུབ་ལུས་ཤུགས་ཟད་དེ་ཆུས་འཁྱེར། རྗེས་སུ་འདམ་གཞུང་རྫོང་འདམ་ཆུ་ཁ་གྲོང་རྡལ་མངགས་གཏོང་ཁང་གི་ཉེན་རྟོག་པས་ནུས་ཤུགས་ཡོད་རྒྱུས་འཚོལ་སྐྱོབ་བྱས་ནས་ཁོང་རྙེད་སྐབས། ཟླ་བ་དོན་གྲུབ་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་ཟིན་ཡོད། དེ་དུས་ཁོང་ལོ་25ཡིན་པ་རེད།
སྐལ་བཟང་རྡོ་རྗེ། སྐྱེས་པ། བོད་རིགས། 1972ལོའི་ཟླ་8པར་སྐྱེས། ཀྲུང་གུང་ཏང་ཡོན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྡོ་རྗེ་ཤང་ཤིས་པ་གྲོང་ཚོའི་ཡུལ་མི།
2023ལོའི་ཟླ་12ཚེས་11ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5ཙམ་ལ། སྤོ་བོ་རྫོང་རྡོ་རྗེ་ཤང་མོ་བརྒྱངས་གྲོང་ཚོའི་འགྲམ་དུ་རླངས་འཁོར་ཞིག་ཆུ་གསུམ་གཙང་པོར་ལྷུངས་ཡོད། སྐལ་བཟང་རྡོ་རྗེས་དེ་མཐོང་རྗེས། ལམ་སེང་རླངས་འཁོར་གྱི་ཁ་བཀག་ནས་དེར་ལྟ་བར་ཕྱིན། འོན་ཀྱང་ཉེ་འགྲམ་དུ་སྲོག་སྐྱོབ་རོགས་ཞེས་པའི་སྐད་རྒྱག་མཁན་མེད་པས་མི་རླངས་འཁོར་ནང་ལུས་ཡོད་པ་གཏན་འཁེལ། སྐལ་བཟང་རྡོ་རྗེས་ཆུ་བོ་དྲག་ཏུ་རྒྱུག་པར་མ་འཛེམས་པར་ཆུ་བོ་བརྒལ་ནས་སྐྱོབ་རོགས་བྱེད་པར་ཕྱིན་པས་མི་གཉིས་ལ་དཀའ་ཉེན་འཕྲད་ཡོད་པ་ཤེས། རླངས་འཁོར་གྱི་སྒོ་བརྡིབས་ནས་ཕྱེ་མ་ཐུབ་རྐྱེན་ཁོང་གིས་ཆུ་ནང་ནས་རྡོ་ཞིག་བསྒྲུགས་ཏེ་རླངས་འཁོར་གྱི་ཤེལ་སྒོ་བཅག་ནས་དེའི་ནང་ལུས་པའི་མི་གཉིས་བདེ་བླག་ངང་བསྐྱབས་པ་རེད། སྐལ་བཟང་རྡོ་རྗེས་མི་དེ་གཉིས་ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་པ་མཐོང་རྗེས། ཡང་རླངས་འཁོར་བཏང་ནས་ཁོང་གཉིས་དུས་ཐོག་ཏུ་སྤོ་བོ་རྫོང་མི་དམངས་སྨན་ཁང་དུ་བསྐྱལ་བ་མ་ཟད། རང་འགུལ་ངང་ཁོ་གཉིས་ཀྱི་སྨན་རིན་སྤྲད་པ་དང་དྲོད་སྲུང་གྱོན་ཆས་ཀྱང་ཉོས་པ་རེད།
ཁོང་གཉིས་ཀྱི་བྱ་སྤྱོད་དངོས་ལས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་མངོན་པ་དང་དུས་རབས་གསར་པའི་དཔའ་བོའི་ཉམས་སྣང་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།