དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པ་ཟླ་8ཚེས་6ཉིན་འགོ་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-25

    ཟླ་8ཚེས་6ནས་ཚེས་10ཉིན་བར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པ་ལྷ་ས་དང་། ཉིང་ཁྲི། ལྷོ་ཁ། གཞིས་རྩེ་བཅས་སུ་སྤེལ་རྒྱུ་ཡིན་པ་རེད།

    སྐབས་འདིའི་འགྲན་བསྡུར་ནི“ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེ་མོར་ཕྱོགས་པ་དང་།‘རྒྱུད་གཅིག་ལམ་གཅིག’དང་སྦྲེལ་མཐུད། ལུས་རྩལ་དང་ཡུལ་སྐོར་འཕེལ་རྒྱས། ཕྱི་རོལ་ཁུལ་ཆེན་འཛུགས་སྐྱོང”བཅས་བརྗོད་དོན་གཙོ་བོར་བྱས་ནས། “གཞུང་ལམ་མཛེས་ཤོས་སུ་རྐང་འཁོར་བཞོན་པ་དང་། ཧི་མ་ལ་ཡར་དགའ་ཞེན་བྱེད”ཅེས་པ་འབོད་ཚིག་ཏུ་བྱས་ཤིང་། འགྲན་བསྡུར་དེ་རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་ལས་རིགས་སྐྱེས་པའི་2.1རིམ་པའི་ལས་རིགས་ཀྱི་མུ་འབྲེལ་འགྲན་བསྡུར་ལ་རིམ་སྤོར་བྱས་རྗེས་ཐེངས་དང་པོ་གཉེར་བ་ཞིག་རེད། སྐབས་སྔོན་མ་དང་བསྡུར་ན་རུ་ཁག་གི་ཆོག་འཐུས་དང་། རྩལ་འགྲན་གྱི་ཆུ་ཚད། འགྲན་བསྡུར་གྱི་ཚད་གཞི་བཅས་ཀྱི་ཐད་སྤུས་ཚད་ཀྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད།

    སྐབས་འདིའི་འགྲན་བསྡུར་དུས་ཡུན་ཉིན་5ཡིན་ཞིང་། ཁྱོན་འགྲན་སྐོར་4ལ་དབྱེ་ཡོད་པ་དང་། འགྲན་བསྡུར་གྱི་ལམ་ཐག་སྤྱི་ལེ་420.58ཙམ་ཟིན་ཡོད། ཟླ་8ཚེས་6ཉིན་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འགོ་ཚུགས་མཛད་སྒོ་འཚོགས་རྒྱུ་དང་། ཉིང་ཁྲི་གྲོང་ཁྱེར་ནི་འགྲན་བསྡུར་གྱི་ས་ཚིགས་དང་པོ་དེ་ཡིན་པ་དང་ཟླ་8ཚེས་7ཉིན་འགྲན་བསྡུར་དངོས་སུ་བྱ་རྒྱུ་རེད། འགྲན་སྐོར་དང་པོ་ཚེས་7ཉིན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀོང་པོ་སྤྱི་གླིང་ནས་སྨན་གླིང་གྲོང་ཁྱེར་ཨོ་རོང་གྲོང་རྡལ་ཨོ་རོང་གྲོང་ཚོ་བར་ཡིན་པ་དང་། བར་ཐག་ལ་སྤྱི་ལེ་128.8ཙམ་ཡོད་ཅིང་འདིའི་འགྲན་བསྡུར་ཚར་རྗེས་ལྷོ་ཁ་གྲོང་ཁྱེར་དུ་སྤོ་རྒྱུ་རེད། འགྲན་སྐོར་གཉིས་པ་ཚེས་8ཉིན་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་ནས་གོང་དཀར་རྫོང་སྲིན་བུ་རི་བར་ཡིན་པ་དང་། བར་ཐག་ལ་སྤྱི་ལེ་109.2ཙམ་ཡོད་ཅིང་འདིའི་འགྲན་བསྡུར་ཚར་རྗེས་ལྷ་ས་གྲོང་ཁྱེར་དུ་སྤོ་རྒྱུ་རེད། འགྲན་སྐོར་གསུམ་པ་ཚེས་9ཉིན་བོད་ལྗོངས་རྟེན་མཛོད་ཁང་གི་ནུབ་སྒོ་ནས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་བར་ཡིན་པ་དང་། བར་ཐག་ལ་སྤྱི་ལེ་92.53ཙམ་ཡོད། འགྲན་སྐོར་བཞི་པ་ཚེས་10ཉིན་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ནས་བསམ་གྲུབ་རྩེ་ཆུས་བར་ཡིན་པ་དང་། བར་ཐག་ལ་སྤྱི་ལེ་90.05ཙམ་ཡོད་ཅིང་དེ་ཉིན་འགྲན་བསྡུར་མཇུག་འགྲིལ་རྗེས། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་མཇུག་སྒྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།