ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་གྱིས་ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་རྒྱུན་མཐུད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་བ།
ལོ་ཕྱེད་རིང་། མཱ་ཧུང་ལི་ཡིས་བྱ་བ་མི་ཉུང་བ་ཞིག་བསྒྲུབས་པ་སྟེ། ཁུལ་ཆུང་རྙིང་པར་གད་སྙིགས་གཙང་སེལ་ལམ་ལུགས་འཛུགས་རོགས་དང་ཁྲོམ་གཞུང་གི་རྒན་རྒོན་རིག་རྩལ་མཐུན་ཚོགས་ལ་གྲོན་དངུལ་སློང་རོགས་བྱས་པ་རེད།
ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཡུང་ཉིང་རྫོང་གི་སྡེ་ཁུལ་ལས་བྱེད་པ་མཱ་ཧུང་ལིའི་དེ་སྔའི་ལས་ཀ་གཙོ་བོ་ནི་སྡེ་ཁུལ་གྱི་འཛུགས་གཏོད་རྣམ་གྲངས་སྣ་ཚོགས་ཀྱི་རེ་ཞུའི་དཔྱད་གཞི་ལེགས་སྒྲིག་བྱ་རྒྱུ་དེ་རེད། རེ་ཞུའི་དཔྱད་ཡིག་དེ་དག་རེ་རེ་བཞིན་དེབ་བཟོ་དགོས་པ་དང་ལ་ལར་ཤོག་གྲངས་200ལྷག་ཙམ་ཟིན་གྱི་ཡོད། དབྱིན་ཁྲོན་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་གཙོ་ཁྲིད་བྱས་པའི“བདེ་ཐང་ཕྲ་ཕུང”འཛུགས་གཏོད་བྱས་པ་དཔེར་བཞག་ན། དེའི་དཔྱད་བསྡུར་ཞིབ་སྲོལ་ནི“བདེ་ཐང་གྲོང་ཚོ”དང་། “བདེ་ཐང་སྤྱི་གླིང” “བདེ་ཐང་ཁྱིམ་ཚང”སོགས་ཁག་བདུན་ལ་དབྱེ་ཡོད། “བདེ་ཐང་གྲོང་ཚོའི”འདེམས་བསྐོ་ཁོ་ནར་དམིགས་ཚད་བརྒྱ་ཙམ་ཡོད་པ་མ་ཟད། ནང་དོན་མང་ཆེ་བ་འཛུགས་གཏོད་དམ་ཡང་ན་ཞིབ་བཤེར་ལས་དོན་གཞན་དག་ཁྲོད་ཀྱི་བསྐྱར་ཟློས་དཔྱད་བསྡུར་ཡིན་པ་རེད།
ན་ནིང་ཟླ་6པར། “བདེ་ཐང་ཕྲ་ཕུང”འཛུགས་གཏོད་ལས་དོན་དེ་ཉིང་ཞ་ཡིས“དཔྱད་ཞིབ་དམིགས་ཚད་ཞིབ་དྲགས་ལ་རྙོག་འཛིང་ཆེ་དྲགས་པ་དང་དོན་དངོས་དང་མི་མཐུན་པར”བརྩིས་ནས་བརྡ་ཁྱབ་དང་སྐྱོན་བརྗོད་བྱས་ཏེ་མེད་པར་བཟོས་པ་རེད། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་ཡུང་ཉིང་རྫོང་གི་འཛུགས་གཏོད་བྱེད་སྒོ་ཁག་30ཙམ་མེད་པ་བཟོས་པ་དང་ཆབས་ཅིག སྐད་འཕྲིན་གྱི་ལས་དོན་ཚོགས་པ་དང་། འབྱོར་ཐོ་འགོད་པའི་སྲིད་དོན་APP ཨང་རིམ་བརྡ་གཏོང་སོགས་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་འབོར་ཆེན་གཙང་བཤེར་བཅོས་སྒྲིག་བྱས་པ་རེད།
ད་ལོ་ཚུན་དང་། ལྷག་པར་དུ། སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། ཡུང་ཉིང་རྫོང་གིས་ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་རྒྱུན་མཐུད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་བ་དང་། ཚོགས་འདུའི་བྱེད་སྒོ་དང་། ཡིག་ཆ་དང་དཔྱད་གཞི། ལྟ་སྐུལ་ཞིབ་བཤེར། འཛུགས་གཏོད་བྱེད་སྒོ་བཅས་སྔར་བས་ཁུ་བསྡུ་བྱས་ཏེ་གཞི་རིམ་གྱི་ལས་བྱེད་པ་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི་འགན་འཁྲིའི་ལས་གནས་ཐོག་ལོག་ཐུབ་པ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།