དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཁོར་འབྲེལ་འགྲེམས་ཚོགས་སྐབས་གསུམ་པར་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་མཉམ་ལས་འདོད་མཐུན་བཞག་པའི་རྣམ་གྲངས་དྲུག་སྟོང་ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལུའོ་ཧྲན་ཧྲན།   |     སྤེལ་དུས།  2025-07-24

    ཉེ་ཆར། འཁོར་འབྲེལ་འགྲེམས་ཚོགས་སྐབས་གསུམ་པ་པེ་ཅིང་དུ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ཞིང་། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་པ་ལྟར་ན། སྐབས་འདིའི་འཁོར་འབྲེལ་འགྲེམས་ཚོགས་འཚོག་ཡུལ་དུ་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་མཉམ་ལས་འདོད་མཐུན་བཞག་པའི་རྣམ་གྲངས་དྲུག་སྟོང་ལྷག་ཙམ་ཟིན་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་འགྲེམས་ཞུགས་ཁེ་ལས་དང་སྒྲིག་གཞི་1200ཟིན་པ། དྲ་ཐོག་དང་དྲ་ཕྱིའི་ལྟད་མོ་བ་མི་ཐེངས་ཁྲི་21ལྷག་ཙམ་ཟིན་པ་དེ་སྐབས་གོང་མ་ལས་5%འཕར་ཡོད་པ་རེད།

    “རྒྱལ་སྤྱིའི་ཚད་གཞི”དེ་བས་འདང་ངེས་ཡོད་པས་སྒོ་དབྱེ་མཉམ་ལས་ནི་ཐུན་མོང་གི་ངོས་འཛིན་ཡིན་པ།

    ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལི་ཤིང་ཆན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འཁོར་འབྲེལ་འགྲེམས་ཚོགས་སྐབས་གསུམ་པར་ཕྱི་རྒྱལ་གྱི་འགྲེམས་ཞུགས་ཚོང་པས་བཟུང་བའི་བསྡུར་ཚད་ལོ་རེ་བཞིན་འཕར་ནས་སྐབས་དང་པོའི་26%དང་སྐབས་གཉིས་པའི་32%ནས་སྐབས་འདིའི་35%བར་འཕར་ཡོད། དེའི་ནང་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500དང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ཀྱིས་བཟུང་བའི་བསྡུར་ཚད་65%ལྷག་ཙམ་ཟིན་པ་དང་། འགྲེམས་ཞུགས་ཚོང་པའི་ཁྱབ་ཚད་སྐབས་དང་པོའི་རྒྱལ་ཁབ་དང་ས་ཁུལ་55ནས་སྐབས་འདིའི་75བར་མང་དུ་ཕྱིན་ཡོད་པ་རེད།

    འགྲེམས་ཚོགས་ལ་ཞུགས་ཐེངས་དང་པོ་ཡིན་པའི་ཧྥ་རན་སེའི་ཨོའུ་ལའེ་ཡཱ་ཀུང་སིས་ཀྲུང་གོའི་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད། ཨོའུ་ལའེ་ཡཱ་ཨེ་ཤེ་ཡ་བྱང་མ་དང་ཀྲུང་གོའི་སྤྱི་པའི་ལས་དོན་གྱི་ཙུང་ཚའེ་ལན་ཀྲེན་ཀྲེན་གྱིས། ཨོའུ་ལའེ་ཡཱ་དང་ཀྲུང་གོའི་མཁོ་སྤྲོད་འཁོར་འབྲེལ་གྱི་ཚོང་པ་1600ལྷག་ཙམ་དབར་མཉམ་ལས་བྱས་པ་དེ་ནི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པས། ཀྲུང་གོའི་གསར་གཏོད་ཀྱིས་གོ་ལ་ཧྲིལ་པོར་སྐྱོང་ལན་འཇལ་ཏེ་མཁོ་སྤྲོད་འཁོར་འབྲེལ་གྱི་ཁྱབ་ཁོངས་སུ་དར་རྒྱས་ཀྱི་དགའ་སྤྲོའི་རོལ་དབྱངས་མཉམ་དུ་དཀྲོལ་བཞིན་ཡོད་ཅེས་བརྗོད།

    ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཐོན་ལས་སྐུལ་འདེད་པུའི་པུའུ་ཀྲང་དབྱང་ཞའོ་ཅུན་གྱིས། ཞིང་ལས་ཁེ་ལས་ཁ་ཤས་ཀྱིས་རླངས་འཁོར་ལས་རིཌ་ཀྱི“མཛོད་ཉར་མི་བྱེད་པའི་དོ་དམ་བྱེད་སྟངས”དང་ནུས་རྒྱུ་གསར་པའི་ལས་རིགས་ཀྱི“དབྱང་གཉིས་ཐན་འགྱུར་ཚད་འཇལ་མ་ལག”སོགས་མཁོ་སྤྲོད་འཁོར་འབྲེལ་གྱི་དོ་དམ་ཇུས་གཞི་དེས་ཀུང་སིར་འཕེལ་རྒྱས་འཐབ་ཇུས་དང་ཐབས་ལམ་སྔར་བས་ལེཌ་སུ་གཏོང་བར་བློ་སྒོ་ཕྱེ་ཡོད་ཅེས་བརྗོད།

    “གསར་གཏོད་ནུས་པ”དེ་བས་ཆེ་བས་ཕན་ཚུན་མཐུན་རྐྱེན་སྦྱར་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    སྐབས་འདིའི་འཁོར་འབྲེལ་འགྲེམས་ཚོགས་ཐོག་འགྲེམས་ཞུགས་ཁེ་ལས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རང་ཉིད་ཀྱི་འཇོན་ཐང་བཏོན་པ་དང་། གོ་ལ་ཧྲིལ་པོའི་རྩེར་སོན་ཐོན་རྫས་གསར་པ་དང་། ལག་རྩལ། ཐག་གཅོད་ཇུས་གཞི་བཅས་འབོར་ཆེན་མཉམ་དུ་བཏོན་ནས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མངོན་པར་བྱས་པའི་ནང་ཆ་འཕྲིན་ལག་རྩལ་དང་། མི་ཐབས་རིག་ནུས། གཞི་རྒྱུའི་ལས་གྲྭ བདེ་ཐང་སྨན་བཅོས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།

    འགྲིམ་འགྲུལ་དངུལ་ཁང་པེ་ཅིང་ཡན་ལག་དངུལ་ཁང་གིས“འགྲིམ་འགྲུལ་དངུལ་ཁང་གི་གསར་གཏོད་མ་འཇོག་དངུལ་བུན”གྱི་གསར་གཏོད་ཐོན་རྫས་འགྲེམས་སྟོན་བྱས་ཤིང་། ཤེས་རྟོཌ་བྱུང་བར་གཞིཌ་ན། “འགྲིམ་འགྲུལ་དངུལ་ཁང་གི་གསར་གཏོད་མ་འཇོག་དངུལ་བུན”ནི་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་གྱི་ངེས་གནས་ལ་གཞི་ཚུགས་ནས་བཏོན་པའི་མ་རྐང་དང་བུ་ལོན་མཉམ་འགུལ་གྱི་ཕྱོགས་བསྡུས་དངུལ་རྩའི་ཞབས་ཞུའི་ཇུས་གཞི་ཞིག་ཡིན་པ་དེས་དངུལ་བུན་དང་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་པའི་རྣམ་པ་སྤྱད་དེ། པེ་ཅིང་གྲོང་ཁྱེར་གྱི་སྤུས་ལེགས་མ་འཇོག་སྒྲིག་གཞི་དྲག་གྲས་མཉམ་འབྲེལ་བྱས་པ་བརྒྱུད། “མ་འཇོག་དང་དངུལ་བུན་མཉམ་འགུལ”གྱི་བྱ་ཐབས་ལ་བརྟེན་ནས་ཚན་རྩལ་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཐབས་ལམ་རྒྱ་སྐྱེད་བཏང་སྟེ་ཚན་རྩལ་རྣམ་པའི་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད།

    ཀྲུང་ཤིན་ཚོགས་པས་རླངས་འཁོར་གྱི་ལྷུ་ལག་དང་། ལྕི་བའི་སྒྲིག་ཆས། དམིགས་བསལ་རྒྱུ་ཆ། དམའ་དབྱིངས་དཔལ་འབྱོར། རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད། ཚན་རྩལ་དང་དངུལ་རྩའི་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་ཉེར་སྤྱོད་གསར་ཤོས་གཅིག་སྡུད་འགྲེམས་སྟོན་བྱས་པ་རེད།

    སྐབས་འདིའི་འཁོར་འབྲེལ་འགྲེམས་ཚོགས་ཐོག་ཐེངས་དང་པོར་བཙུགས་པའི་གསར་གཏོད་འཁོར་འབྲེལ་ཆེད་དམིགས་ཁུལ་གྱིས“ལམ་ལུགས་དང་། གཞི་རྟེན། ཞབས་ཞུ”བཅས་ཚད་འཛིན་སར་བྱས་ཏེ། ཤེས་རིག་བདག་དབང་གི་དབང་ངེས་དང་ལག་རྩལ་གསོ་སྐྱོང་ནས་ཐོན་ལས་ཅན་བར་གྱི་བརྒྱུད་རིམ་ཧྲིལ་པོ་བཏོད་དེ། གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་སྲུབས་མེད་འབྲེལ་མཐུད་ཐུབ་པར་བྱས་ཡོད།

    ཀྲུང་གོ་ལག་རྩལ་ཉོ་ཚོང་ཁང་དང་། ཧྲང་ཧའེ་ལག་རྩལ་ཉོ་ཚོང་ཁང་། ཧྲེན་ཀྲེན་དངུལ་འཛིན་ཉོ་ཚོང་ཁང་བཅས་ཀྱི་ཚན་རྩལ་གྲུབ་འབྲས་དང་ཤེས་རིག་བདག་དབང་ཉོ་ཚོང་ལྟེ་གནས་བཅས་ཉོ་ཚོང་སྒྲིག་གཞི་ཆེན་པོ་གསུམ་གྱིས་ས་གནས་ས་ཐོག་ཏུ་མགྱོགས་ལ་ནུས་ཆེའི་ལག་རྩལ་ཉོ་ཚོང་མ་ལག་དང་གྲུབ་འབྲས་ཐོབ་པའི་དཔེ་མཚོན་འགྲེམས་སྟོན་བྱས་པ་དང་། ས་གནས་ས་ཐོག་ཏུ་ཁེ་ལས་ཀྱི་ལག་རྩལ་དཔྱད་དཔོག་དང་། དབང་ཆ་གཏན་འཁེལ། ཉོ་ཚོང་བཅས་ཕྱོགས་ཡོངས་ཀྱི་དགོས་མཁོ་འབྲེལ་མཐུད་བྱས་ཤིང་། རིམ་རྩིས་བརྒྱབ་ན་ཁེ་ལས་དང་སྒྲིག་གཞི་བརྒྱ་ལྷག་ཙམ་དང་མཉམ་ལས་འདོད་མཐུན་བཞག་པ་རེད།

    “སྦྲེལ་མཐུད་བྱེད་ཚད”དེ་བས་མཐོ་བས་ཀྲུང་གོར་མ་འཇོག་གི་བློ་རྩ་དེ་བས་བརྟན་པ།

    ལི་ཤིང་ཆན་གྱིས། འཁོར་འབྲེལ་འགྲེམས་ཚོགས་ཀྱིས་དུས་ཐུང་གི་ས་གནས་ས་ཐོག་གི་ཉོ་ཚོང་གི་གྲངས་འབོར་ཁོ་ན་དོན་གཉེར་མི་བྱེད་པར་ཡུན་རིང་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་དེ་བས་མཐོང་ཆེན་བྱས་ནས་འགྲེམས་ཞུགས་ཚོང་པ་དང་ཆེད་ལས་ལྟད་མོ་བ་ཚོར“གྲོགས་པོ་དང་། རོགས་ཟླ། ཉེར་སྤྱོད་འགུལ་རྣམ། ཐག་གཅོད་ཇུས་གཞི་བཅས་འཚོལ་རོགས་བྱེད་ཀྱི་ཡོད”ཅེས་བརྗོད།

    དབྱིན་ཇིའི་ལི་ཐོ་ཚོགས་པ་དང་ཀྲུང་གོའི་པའོ་ཝུའུ་གཉིས་ཀྱིས་སླར་ཡང་ལག་གདང་སྦྲེལ་ནས་འགྲེམས་ཚོགས་ལ་ཞུགས་ཏེ། རིག་ནུས་རླངས་འཁོར་འཁོར་འབྲེལ་འགྲེམས་ཁུལ་དུ་ཐོན་ལས་ཀྱི་འབྲེལ་ཡོད་ཐོན་རྫས་དང་ཐག་གཅོད་ཇུས་གཞི། དེ་བཞིན་ཨོ་སི་ཁྲུ་ལི་ཡཱ་ཤིས་ཕོ་ལྕགས་གཏེར་རྣམ་གྲངས་དང་ཀི་ནེ་ཡ་ཤིས་མོང་ཏུའུ་ལྕགས་གཏེར་རྣམ་གྲངས་མཚོན་བྱེད་དུ་བྱས་པའི་གོ་ལ་ཧྲིལ་པོའི་ཐོན་ལས་མཉམ་ལས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པ་རེད།

    འཁོར་འབྲེལ་སྐུལ་སྤེལ་འགྲེམས་ཚོགས་སྐབས་གསུམ་ཀར་དབྱི་ལི་ཆད་མྱོང་མེད། དབྱི་ལི་ཚོགས་པའི་ཙུང་ཚའེ་གཞོན་པ་ཞུས་ཁེ་ཡིས། ཀྲུང་གོར་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་དང་། ཕུན་སུམ་ཚོགས་པའི་ཡུལ་རྣམ་གྱི་དགོས་མཁོ། འཐུས་སྒོ་ཚང་བའི་ལྷན་སྦྱར་མ་ལག་བཅས་ཡོད་པས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་ཁྲོད“བརྟན་ཆས”དང“གྲུ་རྡོ”ལྟ་བུའི་ནུས་པ་འདོན་བཞིན་ཡོད། དབྱི་ལི་ཚོགས་པར་གོ་ལ་ཧྲིལ་པོར་མཉམ་ལས་རོགས་ཟླ་2000ལྷག་ཙམ་ཡོད་པ་དེ་དག་གླིང་ཆེན་དྲུག་ཏུ་ཁྱབ་ཡོད། རྒྱལ་སྤྱི་ཅན་གྱི་མཉམ་ལས་ཁྲོད་འབྲེལ་མཐུད་འབྲེལ་ཐག་སྔར་བས་ཚགས་དམ་དུ་བཏང་ནས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་གྱི་བཀོད་པ་མུ་མཐུད་ལེགས་སུ་གཏོང་གི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།