ནེའུ་ཙི་ལན་གྱི་ཙུང་ལིས་བརྗོད་དོན།
ཀྲུང་གོའི་ཁྲོམ་རས་ནེའུ་ཙི་ལན་ལ་གོ་སྐབས་ཟམ་མི་ཆད་པར་བསྐྲུན་ཡོད།
ཤིན་ཧྭ་གསར་འགྱུར་ཁང་ནེའུ་ཙི་ལན་གྱི་གྲོང་ཁྱེར་ཨའོ་ཁེ་ལན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2025ལོའི་ཀྲུང་གོའི་ཚོང་ལས་ཀྱི་དབུ་ཚོགས་ནེའུ་ཙི་ལན་གྱི་གྲོང་ཁྱེར་ཨའོ་ཁེ་ལན་དུ་འཚོགས་པ་རེད། ནེའུ་ཙི་ལན་གྱི་ཙུང་ལི་ཁེ་ལི་སི་ཐུའོ་ཧྥུའུ·ལ་ཁེ་སེན་གྱིས་དབུ་ཚོགས་ཀྱི་གཙོ་དོན་གཏམ་བཤད་སྤེལ་རིང་། ནེའུ་ཀྲུང་ཕྱོགས་གཉིས་ཀྱི་ཚོང་དོན་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ནེའུ་ཙི་ལན་གྱིས་ཕྱིར་གཏོང་ཐོན་རྫས་20%ལྷག་ཙམ་ཀྲུང་གོར་གཏོང་གི་ཡོད་པས་ཀྲུང་གོའི་ཁྲོམ་རས་ནེའུ་ཙི་ལན་ལ་གོ་སྐབས་ཟམ་མི་ཆད་པར་བསྐྲུན་ཡོད་ཅེས་བརྗོད།
ད་རེས་ཀྱི་ཚོགས་འདུར“གོ་ལ་ཧྲིལ་པོའི་གཏན་འཁེལ་མིན་པའི་ཁོར་ཡུག་ཁྲོད་གོ་སྐབས་དམ་འཛིན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ལ་ཁེ་སེན་གྱིས་ཉེ་དུས་ཚོགས་པའི་སྣེ་ཁྲིད་ནས་ཀྲུང་གོར་འཚམས་འདྲི་བྱས་ཚུལ་ངོ་སྤྲོད་བྱས་ནས་ནེའུ་ཀྲུང་གི་ཚོང་དོན་འབྲེལ་བའི་གལ་འགངས་རང་བཞིན་བསྐྱར་བསྒྲགས་བྱས་ཡོད། ལ་ཁེ་སེན་གྱིས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ། རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་མཁན་གལ་ཆེན་བཅས་ཡིན་པའི་ཀྲུང་གོའི་ཤུགས་རྐྱེན་ཐེབས་ནུས་སྣང་མེད་དུ་གཏོང་མི་རུང་ཞེས་བརྗོད་པ་རེད།
ནེའུ་ཙི་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཞའོ་ལུང་གིས། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འགོ་བཙུགས་ནས་ལོ་བཅུ་བྱས་པ་གཉིས་འཁོར་བའི་མཚམས་སུ། ཀྲུང་གོས་ནེའུ་ཙི་ལན་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕྱོགས་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ། དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱས་ཏེ་ཡམ་ཡོམ་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་བསྐྲུན་འདོད་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།