མཚོ་སྔོན་གཏེར་ལེན་ཁ་ཁོ་ལུའུ་ཁོ་གྲོང་རྡལ་གྱིས“སྒོ་དབྱེའི་སློབ་གསོར”བརྟེན་ནས་དམངས་ཀྱི་སེམས་ཁྲལ་བསལ་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “དེ་གོང་ཆུ་ཡུར་ནས་ཆུ་མང་པོ་ཟགས་པས་ཞིང་ཁར་ཆུ་གཏོང་སྐབས་འཁྲིས་སུ་བལྟས་ནས་སྡོད་དགོས་ཀྱི་ཡོད། རིམ་སྤོར་སྒྱུར་བཀོད་བྱས་རྗེས། ཆུ་འདྲེན་བདེ་རུ་ཕྱིན་པ་མ་ཟད། ཆུ་གྲོན་ཆུང་ཡང་ཐུབ་ཀྱི་འདུག” ཉེ་ཆར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་ཁོ་ལུའུ་ཁོ་གྲོང་རྡལ་ཧྭ་ཐུའུ་གྲོང་ཚོའི་ཡུལ་མི་ཞིག་གིས་ཞིང་ནང་ནས་གསར་དུ་བསྐྲུན་པའི་ཆུ་ཡུར་ལ་ལྟ་བཞིན་དུ་ད་ནས་བཟུང་ཆུ་ཡག་པོ་འདྲེན་མ་ཐུབ་པའི་རྐྱེན་གྱིས་ཞིང་ལས་དུས་ཚོད་འཐུས་ཤོར་འགྲོ་བའི་སེམས་ཁྲལ་བྱེད་དགོས་མེད་ཅེས་བརྗོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཁོ་ལུའུ་ཁོ་གྲོང་རྡལ་གྱིས“སྒོ་དབྱེའི་སློབ་གསོའི”བླང་བྱ་གྲོང་གསེབ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་དོན་དང་མཉམ་འདྲེས་བྱས་ཏེ། “གསལ་འདེབས་དང་ལེན་དང་། སྒོ་དབྱེའི་ཞབས་ཞུ། སྒོ་དབྱེའི་ལྟ་སྐུལ”བཅས་གཙོ་རྐང་དུ་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་བྱ་བ་དངོས་སྒྲུབ་པ་དང་དམངས་འཚོར་ཕན་པའི་ལག་ལེན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།
གྲོང་རྡལ་དེས་གཅིག་སྡུད་ཚོགས་འདུ་ཚོགས་པ་དང་ཁྱིམ་དུད་དུ་འདྲི་རྟོགས་བྱེད་པར་སྐྱོད་པ་ཟུང་འབྲེལ་གྱི་ཐབས་ལམ་གཉིས་བརྒྱུད་བསམ་འཆར་བསྡུ་ལེན་གྱི་ཐབས་ལམ་རྒྱ་བསྐྱེད་གཏོང་བ་དང་།“གསལ་འདེབས་དང་ལེན”གྱི་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་དང“ཕྱོགས་མང་པོའི་བསམ་འཆར་ཉན་པ་དང་མི་སེར་གྱི་དོན་དག་སྒྲུབ་པའི”བཞུགས་མོལ་ཚོགས་འདུ་སོགས་འཚོགས་ནས་བསམ་འཆར་དང་གྲོས་འགོ་ཁག་19བསྡུ་ལེན་བྱས་པ་དང་ཆབས་ཅིག གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་ཚན་ཁག་གི་ཁོངས་མིའི་འགན་གཙང་གྲོང་ཚོ་དང་འགན་གཙང་ཐོན་ལས་སུ་བསྐྱོད་དེ་འགྲོ་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་། ས་ཞིང་བདག་དབང་གི་འགལ་ཟླ། ས་ཞིང་ཆུ་བེད་སྒྲིག་བཀོད་ཉམས་བཟོ་སོགས་མང་ཚོགས་ཀྱིས་གཅིག་སྡུད་ཚུར་ལན་བྱས་པའི་མངོན་གསལ་དོད་པའི་གནད་དོན་རིགས་གསུམ་གསེད་བཀྲོལ་བྱས་ནས་གནད་འཕིགས་ཐབས་ཇུས་ལག་ལེན་བསྟར་བར་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
དག་ཐེར་གྱི་ཕན་འབྲས་འགན་ལེན་བྱ་ཆེད། གྲོང་རྡལ་དེས“གསལ་ཐོ་ཅན་དང་། འགན་འཁྲི་ཅན། རྒྱུན་རྣམ་ཅན”བཅས་ཀྱི་ལྟ་སྐུལ་ལམ་སྲོལ་བཙུགས་ཏེ། དམངས་འཚོའི་གནད་དོན་ཁག་29ལ“ཟླ་ཕྱེད་རེར་བཀོད་གཏོང་རེ་དང་ཟླ་རེར་ལྟ་སྐུལ་རེ”ལག་བསྟར་བྱས་ནས། དམངས་འཚོའི་བྱ་བ་དངོས་ཚང་མར་མང་ཚོགས་ཀྱི་ལྟ་སྐུལ་འོག་སྐུལ་འདེད་ཏན་ཏིག་དང་ཕན་འབྲས་ཐོན་དུ་བཅུག་ཡོད།“སྤྱོད་ཚུལ་བཞིའི”མངོན་མེད་ཐབས་སྒྱུར་གནད་དོན་ལ་དམ་པོར་དམིགས་ཏེ། གྲོང་ཚོ་རིམ་པའི་ནོར་དོན་དང་དམངས་ཕན་སྲིད་ཇུས་དོན་འཁྱོལ་སོགས་ཆེད་དོན་ལྟ་བཤེར་བྱས་པ་མ་ཟད། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལམ་སྲོལ་ཟབ་ཏུ་བཏང་སྟེ། ཞིང་པར་ཕན་པའི་སྲིད་ཇུས་ཁག་བེད་སྤྱོད་ཡག་པོ་བཏང་བ་དང་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་མང་ཚོགས་ལ་རྒྱུན་རྣམ་ཅན་གྱི་འཚམས་འདྲི་བྱས་ཤིང་། མིག་སྔའི་བར་གྲོང་རྡལ་ཡོངས་ཀྱི་ལས་བྱེད་པས་མང་ཚོགས་དུད་ཚང་800ལྷག་ཙམ་ལ་འཚམས་འདྲི་བྱས་ནས་དམངས་འཚོའི་གནད་དོན་ཁག་50ལྷག་ཙམ་ཐག་གཅོད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།