བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“ལྗང་མདོག་གི་སྒུལ་ནུས”བསྣན་པ།
ཀྲུང་དབྱང་ཁེ་ལས་ཀྱི་ཁ་གཏད་བོད་སྐྱོར་གྱིས་བོད་ཀྱི་ནུས་རྒྱུའི་བྱ་གཞག་འཕེལ་རྒྱས་ལ་རམ་འདེགས་བྱས་པའི་སྐོར་གྱི་སྒྲིལ་གླེང་།
ལོ་མང་རིང་། ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལ་དགོས་མཁོ་གང་ཡོད་པ་དང་མང་ཚོགས་ཀྱིས་རེ་སྒུག་གང་ཞིག་བྱེད་པར་དམིགས་ནས་ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆ་གང་ལེགས་འདོན་པ་དང་། རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། ཡུལ་བབ་དང་བསྟུན་ནས་ཐོན་ལས་བོད་སྐྱོར་ལ་ཤུགས་སྣོན་རྒྱག་པ། བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ལ་རྒྱབ་སྐྱོར་བྱེད་པ། ཆུ་རླུང་ཉི་ནུས་དང་། དྲོད་རླངས་སོགས་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་འཕར་གཞི་གསར་པ་མཁོ་འདོན་བྱས་ཡོད།
མེད་པ་ནས་ཡོད་པའི་བར་མཆོང་སྐྱོད་བྱུང་བ།
བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ལྗོངས་ཡོངས་ཀྱི་གློག་ཤུགས་སྟོང་ཆའི་མཚམས་སུ་ལུས་ཤིང་། ལྷ་སར་གློག་ཁང་ཆུང་ཆུང་གཅིག་ལས་མེད་པ་དེ་ཡང་སྐུ་དྲག་རིམ་གྲས་ཀྱིས་བདག་གིར་བྱས་ཏེ། ཞིང་བྲན་ཁྲི་ཚོ་བརྒྱ་མུན་ནག་ཁྲོད་འཚོ་བ་སྐྱེལ་བཞིན་ཡོད།
ལོ་རྒྱུས་ཀྱི་འཁོར་ལོ་བར་མཚམས་མེད་པར་མདུན་ཕྱོགས་སུ་འཁོར་ཞིང་། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་གློག་ཤུགས་བྱ་གཞག་ལ་རིམ་བཞིན་ཡར་རྒྱས་འགྲོ་འགོ་ཚུགས་ཡོད། 1956ལོའི་ཟླ་བདུན་པ་དང་ཟླ་བཅུ་པར་ལྷ་སའི་གློག་ཁང་དང་གཞིས་རྩེའི་མེ་ཤུགས་གློག་ཁང་སྔ་རྗེས་སུ་བསྐྲུན་པ་དང་། 1965ལོར་རྔ་ཆེན་གློག་ཁང་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་ཏེ། ལྷ་སའི་མི་རིགས་ཁག་གི་མི་དམངས་ཀྱིས་སྒྲོན་མེ་དང་བཞུ་མར་ལ་བརྟེན་པའི་ལོ་རྒྱུས་མཇུག་འགྲིལ་ཡོད།
བོད་ལྗོངས་གློག་དྲས་མེད་པ་ནས་ཡོད་པའི་བར་གྱི་འཕུར་མཆོང་ཐེངས་མང་བརྒྱུད་ཡོད། 1985ལོར་ཆན་ཧྥུའུ་110ཡི་གློག་འདྲེན་སྐུད་ལམ་ཐོག་མར་སྤྱོད་འགོ་ཚུགས་པ་དང་། 1994ལོར་ཡར་འབྲོག་གཡུ་མཚོའི་གློག་ཁང་དང་གསེར་ཆུ་གློག་ཁང་སོགས་གློག་ཁུངས་གཙོ་བོ་ཁག་གཅིག་བསྐྲུན་པ། དུས་རབས་གོང་མའི་ལོ་རབས་90པའི་དུས་མཇུག་ཏུ་ལྷ་ས་དང་ལྷོ་ཁའི་གློག་དྲ་སྔོན་ལ་སྦྲེལ་མཐུད་ཐུབ་པ། དུས་རབས་21པའི་དུས་འགོར་བོད་དབུས་གློག་དྲ་སྤྱིར་ན་གྲུབ་པ་མ་ཟད། 2020ལོར་མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་བའི་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ། བོད་ཀྱི་གློག་དྲ་གཙོ་བོ་ལྗོངས་ཡོངས་སུ་ཁྱབ་ཐུབ་པ་བྱུང་ཡོད།
ད་ཆ་བོད་ཀྱི་གློག་དྲས་ཆུ་གློག་གཙོ་བོར་བྱེད་པ་དང་། རླུང་ནུས་དང་ཉི་ནུས་སོགས་ནུས་མང་གསབ་རེས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་ཆགས་ཏེ། ཆན་ཧྥུའུ་500ཡིས་གཙོ་བོར་བྱེད་པའི་དྲ་སྒྲོམ་དང་རིམ་པ་ཁག་གི་གློག་དྲ་མཐུན་སྦྱོར་འཕེལ་རྒྱས་ཀྱི་གཅིག་གྱུར་གློག་དྲ་ཞིག་བསྐྲུན་ཡོད་པ་རེད།
ནུས་རྒྱུ་ཕྱོགས་སྒྱུར་གྱི་ལེའུ་གསར་བརྩམས་པ།
ནག་ཆུ་གྲོང་ཁྱེར་དུ་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། ཀྲུང་གོ་རྫས་འགྱུར་སྐྱེ་ཁམས་ཆུ་བེད་འཛུགས་སྐྲུན་ཚད་ཡོད་ཀུང་སིས་ས་རྒྱུའི་ཚ་ཕུམ་ལག་རྩལ་སྒྱུར་བཀོད་ཀྱི་ཚ་དྲོད་མཁོ་འདོན་མ་ལག་སྤྱད་དེ། ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་ཐུབ་པར་བརྟེན་ཐཱན་འབུད་ཚད་ཉུང་དུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གང་མགྱོགས་བསྐྲུན་དགོས་ཚུལ་ཁ་གསལ་བཏོན་ནས་གློག་ཤུགས་མ་ལག་གསར་པའི་དཔེ་སྟོན་ཁུལ་དང་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་གཙང་མ་བེད་སྤྱོད་དཔེ་སྟོན་ཁུལ་གྱི“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པས། བོད་ཀྱི་ནུས་རྒྱུ་གཙང་མ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“མགྱོགས་ལམ”ཐོག་བསྐྱོད་ཐུབ་ཡོད།
2004ལོར། ཀྲུང་དབྱང་གི་གློག་གཏོང་ཁེ་ལས་དང་པོ་ཡིན་པའི་ཀྲུང་གོ་ཧྭ་ནུས་ཚོགས་པ་བོད་དུ་བཅའ་སྡོད་བྱས་པ་དང་། 2014ལོའི་ཟླ་བཅུ་གཅིག་པར། བོད་ཀྱི་གློག་ཤུགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ཆུ་ཤུགས་གློག་ཁང་ཆེ་གྲས་དང་པོ་སྟེ། ཧྭ་ནུས་རྫམ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་དང་པོ་ནས་གློག་གཏོང་འགོ་ཚུགས་ཡོད། ལོ་20ལྷག་ཙམ་རིང་། བོད་དུ་ཡོད་པའི་ཧྭ་ནུས་ཚོགས་པའི་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་བརྒྱ་ལས་བརྒལ་བ་དང་། སྐྲུན་བཞིན་པའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་328ཟིན་ཏེ། རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་435.42བཏང་ནས་སྐྱེ་ཁམས་སྔོན་ལ་འཇོག་པའི་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་བུར་བསྐྱོད་ཡོད།
མིག་སྔར། ལྗོངས་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་ཤུགས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1000ལས་བརྒལ་བ་དང་། བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་3000ཙམ་ཟིན་གྱི་ཡོད། ད་ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར། རིམ་རྩིས་བརྒྱབ་ན། གློག་དྲར་མ་དངུལ་སྒོར་དུང་ཕྱུར་23.15བཏང་བ་དེ་དུས་མཚུངས་ལས་48%འཕར་བ་དང་། དྲ་སྦྲེལ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་69.57ཟིན་པ་དེ་དུས་མཚུངས་ལས་16.67%ཡན་འཕར་བ། སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་84.26ཙམ་ཟིན་པ་དེ་དུས་མཚུངས་ལས་12.84%འཕར་བ་སོགས་རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ནས་ཚུགས་གནས་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད།
ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་པ།
ཀྲུང་དབྱང་ཁེ་ལས་ཀྱིས་ཐོན་ལས་བོད་སྐྱོར་དེ་བོད་ཀྱི“རང་བརྟེན”ནུས་པ་ཆེ་རུ་གཏོང་བའི་རྩ་བའི་ཐབས་ལམ་ཞིག་ཏུ་བརྩིས་ནས། “རྟེན་གཞི་གཅིག་དང་། དཔེ་སྟོན་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་དམིགས་ནས། ནུས་རྒྱུ་ཕྱོགས་སྒྱུར་གྱི“སྣེ་ཁྲིད་མཁན”དང་། “སྐུལ་སྤེལ་བ” “སྔོན་སྐྱོད་པ”ཞིག་བཅས་ཧུར་ཐག་བྱས་པས། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་འདོན་ཐུབ་ནས་རྒྱུགས་ལན་རྩེ་གྲ་རེ་རེ་བཞིན་ཕུལ་ཡོད།
གྲངས་གཞི་ལས་མངོན་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀྲུང་དབྱང་ཁེ་ལས་ཀྱིས་རིམ་རྩིས་བརྒྱབ་ན་བོད་ལ་མ་དངུལ་སྒོར་དུང་ཕྱུར་1458བཏང་བ་དང་། དཔྱ་ཁྲལ་སྒོར་དུང་ཕྱུར་115ཙམ་འཇལ་ཡོད།
“ལྕི་བའི་བུད་ཤིང”ནས“ནུས་མང་གསབ་རེས”བར་དང་། “གློག་དྲ་རྐྱང་མའི་ལོ་རྒྱུས”ནས“གློག་དྲ་ཁྱོན་ཡོངས་ལ་ཁྱབ་པའི”བར་འཕོ་འགྱུར་བྱུང་ནས། ཀྲུང་དབྱང་ཁེ་ལས་ཀྱིས་འཛམ་གླིང་ཡང་རྩེར་ནུས་རྒྱུའི་ངོ་མཚར་དང་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཟམ་མི་ཆད་པར་བརྩམས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
འབྲེལ་ཡོད་གསར་འགྱུར།