དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྕགས་ཤོག་སློབ་ཁང་ནས་དེང་རབས་ཅན་གྱི་སློབ་གྲྭའི་བར།

    ཐར་པ་ཚེ་རིང་གིས་སྟེང་ཆེན་རྫོང་སློབ་ཆུང་གི་འཕོ་འགྱུར་སྐོར་གླེང་བ།

  •     སྤེལ་དུས།  2025-07-24

    འདི་ནི་སྟེང་ཆེན་རྫོང་སློབ་ཆུང་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོག་བཞིན་པ།

    1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་སྐབས། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི“རྒྱ་མ་ཐང”ནས་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་གྲགས་འོང་ཞིང་། དེ་ནི་སྐབས་དེར་བཙུགས་པའི་སྟེང་ཆེན་ཁ་སློབ་ཆུང(སྟེང་ཆེན་རྫོང་སློབ་ཆུང་གི་སྔོན་མའི་མིང)ཡིན་པ་རེད།

    2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཡིན་པ་དང་། སྤྱིར་བཏང་མིན་པའི་རབ་བྱུང་གཅིག་གི་ལོ་ཟླར་ཕྱིར་མིག་ལྟ་སྐབས། གངས་ལྗོངས་ས་མཐོའི་བྱ་གཞག་ཁག་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་ལ། ལྷག་པར་དུ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད། བགྲང་བྱ་བདུན་ཅུ་ལྷག་ཙམ་སོང་བའི་སྟེང་ཆེན་རྫོང་སློབ་ཆུང་གི་འཕོ་འགྱུར་ལས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གསོན་ཉམས་དོད་པོས་མངོན་ཡོད།

    ཟླ་6ཚེས་18ཉིན། སྟེང་ཆེན་རྫོང་སློབ་ཆུང་གི་དེང་རབས་ཅན་གྱི་ལུས་རྩལ་ཐང་དུ་སློབ་ཐོན་མཛད་སྒོ་ཞིག་འཚོག་བཞིན་ཡོད་པ་དང་། སློབ་མ་ཚོས་དགེ་རྒན་ལ་མཇལ་དར་བསྒྲོན་ནས་ལོ་དྲུག་རིང་དགེ་སློབ་དབར་གྱི་བརྩེ་སེམས་ཟབ་མོ་བརྒྱུད་སྤྲོད་བྱེད་བཞིན་ཡོད། མི་ཚོགས་ཀྱི་ཁྲོད་ནས་རྒྱ་གར་ཞྭ་མོ་གྱོན་པའི་བགྲེས་སོང་ཞིག་འདྲེན་བྱེད་ཡུལ་དུ་སྣང་ཞིང་། ཁོང་ནི་ད་ལོ་ལོ་58ལ་སླེབས་པའི་སློབ་གྲྭའི་བོད་ཡིག་དགེ་རྒན་བསླབ་པ་རྒན་གྲས་ཐར་པ་ཚེ་རིང་རེད།

    1985ལོར། ཐར་པ་ཚེ་རིང་ཆབ་མདོ་ས་ཁུལ་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་ཏེ་ཕུགས་རེ་ཆེན་པོ་བཅངས་ནས་སྐབས་དེ་དུས་ཀྱི་སྟེང་ཆེན་རྫོང་སློབ་ཆུང་ལ་དགེ་རྒན་གནང་བར་ཕེབས་ཤིང་། དེ་དུས་གང་ས་ཅི་ཐད་ཀྱི་ཆ་རྐྱེན་ཧ་ཅང་ཞན་པས་ཁོང་གི་སེམས་པ་འཕྲལ་མར་གྲང་ཤུར་ཤུར་དུ་གྱུར། “སློབ་གྲྭའི་ཉལ་ཁང་གི་ཐོག་ནི་ལྕགས་ཤོག་གི་ཐོག་ཡིན་པ་དང་། ས་ངོས་ཨར་འདམ་ཡིན་པས། དགུན་ཁ་སློབ་ཁང་ནང་གྲང་ཤུར་རྒྱག་པ་དང་དབྱར་ཁ་ཚ་བ་ཆེན་པོ་ཡོད། ད་དུང་ཁང་པའི་བར་སྐྱ་ཡག་པོ་མེད་པས་འགྲམ་གྱི་སློབ་ཁང་གི་བྲག་ཆ་ཚུར་འཁོར་གྱི་འདུག”དེ་དུས་སྟེང་ཆེན་རྫོང་སློབ་ཆུང་དུ་དགེ་རྒན་དེ་ཙམ་མང་པོ་མེད། “དགེ་རྒན་ཁ་ཐང་བས་ང་ཚོས་སློབ་ཆུང་དང་སློབ་འབྲིང་ཟླ་སྒྲིལ་བཏང་ནས་དགེ་རྒན་གཅིག་གིས་འཛིན་གྲྭ་གཉིས་ཀྱི་སློབ་ཁྲིད་བྱེད་དགོས་པ་མ་ཟད། ཞོར་གཏོགས་ཀྱི་སློབ་ཚན་མང་པོའང་འཁྲིད་དགོས་པས། སློབ་ཁྲིད་ཀྱི་སྤུས་ཚད་ཀྱང་དེ་ཙམ་ཡག་པོ་ཡོང་གི་མེད”

    སློབ་གྲྭའི་ཁོར་ཡུག་ལེགས་སུ་གཏོང་ཆེད། དགེ་སློབ་ཚོས་སྔ་དྲོར་སློབ་ཚན་ཁྲིད་པ་དང་ཕྱི་དྲོར་གད་འཕྱིད་བྱེད་པ་དང་། ལྕང་མ་འཛུགས་པ། སློབ་གྲྭ་ལེགས་བཅོས་བཅས་བྱེད་ཀྱི་ཡོད། “དགེ་རྒན་ཚོར་སློབ་ཁྲིད་ཀྱི་དཀའ་ངལ་ཆེ་ཡང་ཁྱད་བསད་ཐུབ་མོད། སེམས་ནད་ཆེ་ཤོས་ནི་སློབ་མཚམས་འཇོག་མཁན་མང་བ་དེ་ཡིན”ཞེས་ཐར་པ་ཚེ་རིང་གིས་ཕྱིར་དྲན་བྱེད་བཞིན་བཤད། ཁོང་གིས“‘སྟེང་ཆེན་ལ་དབྱར་རྩྭ་དགུན་འབུ་མང་བས’‘སློབ་གྲྭ་འགྲིམ་པ་ལས་འབུ་འཐུ་བར་སོང་ན་དགའ་བའི’བཤད་སྲོལ་དེ་དར་ཁྱབ་ཆེན་པོ་ཡོད་པས། དེའི་རྐྱེན་གྱིས་སློབ་མ་རྟག་འབྱོར་ཐུབ་ཚད་ཉུང་ཤོས་སྐབས་50%ཡང་ཟིན་གྱི་མེད”ཅེས་བཤད།

    དུས་ཚོད་འཁྱུག་ཙམ་ལ་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་སླེབས། རིམ་ཁག་ཏང་ཨུད་དང་། སྲིད་གཞུང་གིས་འབད་བརྩོན་ལྷོད་མེད་གནང་བར་བརྟེན་ནས་སྐབས་དེའི་གནས་སྟངས་རིམ་བཞིན་ལེགས་སུ་ཕྱིན་པ་དང་། ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན། རང་སྐྱོང་ལྗོངས་ཀྱིས་སློབ་གསོ་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་བྱས་ཏེ། “འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་ཆབས་ཅིག་ཚད་གཞིའང་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཆབ་མདོ་གྲོང་ཁྱེར་དང་སྟེང་ཆེན་རྫོང་གིས་ཀྱང་སློབ་མཚམས་མི་ཆད་པ་དང་སློབ་གྲྭར་རྟག་འབྱོར་ཐུབ་པའི་བྱ་ཐབས་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ཐབས་བཟང་རབ་དང་རིམ་པ་བཏོན་ནས། དམངས་ལ་ཕན་འདོགས་པའི་སློབ་གསོའི་ཉི་འོད་གངས་ལྗོངས་ས་མཐོའི་གང་སར་ཁྱབ་པར་བྱས་ཡོད།

    “འགྱུར་ལྡོག་ཆེ་ཤོས་ནི་ཞིང་འབྲོག་པས་སློབ་གསོར་འཛིན་པའི་རྣམ་འགྱུར་ལེགས་སུ་ཕྱིན་པ་དེ་ཡིན”ཞེས་ཐར་པ་ཚེ་རིང་གིས་བཤད་པ་དང་། ཁོང་གིས“ད་ཆ་ཚང་མས་རང་ཁྱིམ་གྱི་ཕྲུ་གུ་སློབ་གྲྭར་གཏོང་གང་ཐུབ་བྱེད་ཀྱི་ཡོད”ཅེས་བཤད།

    “སློབ་གྲྭར་འགྲོ་བ་ལས་འབུ་འཐུ་བར་ཕྱིན་ན་དགའ་བ”ནས“ཕྲུ་གུ་ངེས་པར་དུ་སློབ་གྲྭར་གཏོང་བའི”བར་གྱི་འགྱུར་ལྡོག་བྱུང་ཡོད། དེ་འདྲའི་འདུ་ཤེས་ལ་འགྱུར་ལྡོག་བྱུང་ཚུལ་ཐད། སྟེང་ཆེན་རྫོང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ངག་དབང་ཚུལ་ཁྲིམས་ལ་མྱོང་བ་ཟབ་མོ་བྱུང་ཞིང་། ཁོང་གིས“ད་ཆ་ཕྲུ་གུ་སློབ་གྲྭར་མི་འགྲོ་མཁན་མེད། ཁྱིམ་བདག་མང་པོས་རང་ཁྱིམ་གྱི་ཕྲུ་གུ་རྫོང་སློབ་གྲྭར་གཏོང་ཐུབ་ཆེད། མཉམ་དུ་རྫོང་ལ་ཡོང་ནས་རང་ཉིད་གླ་པ་རྒྱུག་ཞོར་ཕྲུ་གུར་ལྟ་རྟོག་བྱེད་ཀྱི་ཡོད”ཅེས་བཤད།

    བགྲང་བྱ་བདུན་ཅུའི་དཀའ་ཚེགས་བརྒྱུད་ད་ཆ་སྟེང་ཆེན་རྫོང་སློབ་ཆུང་གི་རྣམ་པ་གསར་རྐྱང་དུ་གྱུར་པ་སྟེ། སྔོན་ཆད་ཀྱི་ལྕགས་ཤོག་སློབ་ཁང་དང་ས་རྡོའི་ལམ་ད་ཆ་ས་ཁྱོན་སྨི་ངོས་གྲུ་ཁྲི་3ཙམ་དང་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.2ལྷག་ཙམ་ཟིན་པའི་དེང་རབས་ཅན་གྱི་སློབ་གྲྭར་གྱུར་ཡོད། གུ་ཡངས་ཤིང་དཀར་ཆ་དོད་པའི་སློབ་ཁྲིད་ཐོག་ཁང་དང་། ཚད་ལྡན་ལུས་རྩལ་ཐང་། བྱེད་ནུས་ཚང་བའི་སློབ་ཁྲིད་ཁང་བཅས་ཀྱིས་ཕྲུ་གུ་ཚོའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད། 2024ལོའི་ཟླ་དགུ་པ་བར་སློབ་གྲྭ་དེར་སློབ་མ་2650ལྷག་ཙམ་དང་འཛིན་གྲྭ་49ཡོད་པ་མ་ཟད། སྤུས་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་136དེ་གར་གཞི་ཚུགས་ནས་དཔེ་ཁྲིད་མི་སྐྱོང་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།