དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་ལག་ལེན་གྱི་སྤུས་རྟགས་གཏམ་བརྗོད་ཟློས་གར《ལག་པ་བརྐྱངས་ནས་བརྡས་ཐག་གཅོད་པའི》སྐོར་སྐྱོད་འཁྲབ་སྟོན་ཐོག་མ་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་དུ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-24

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དགའ་བས་བསུས་ཏེ། “རྟེན་འབྲེལ་ཆེ་མོ་བསུ། ཏང་གི་དྲིན་ལ་བསྟོད། མཉམ་དུ་འབད་འབུངས་བྱེད”ཅེས་པའི་རྣམ་པ་ཟབ་མོ་གཏོད་ཆེད། ཉེ་ཆར་དམིགས་བསལ་གྱི་དོན་སྙིང་ལྡན་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་དུ་བཤམས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཚོགས་པས་འཁྲབ་པའི་ཤེས་དཔལ་ལག་ལེན་གྱི་སྤུས་རྟགས་གཏམ་བརྗོད་ཟློས་གར《ལག་པ་བརྐྱངས་ནས་བརྡས་ཐག་གཅོད་པའི》སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་བདེ་མ་ལུང་གྲོང་ཚོར་སྤེལ་ནས་དེ་གའི་མང་ཚོགས་ལ་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

    བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཚོགས་པའི་འཁྲབ་སྟོན་པ་ཚོས་ཕུལ་དུ་བྱུང་བའི་འཁྲབ་རྩལ་ལ་བརྟེན་ནས་བསོད་ནམས་རྡོ་རྗེའི་ཁྱིམ་གྱི་མི་རབས་གསུམ་དབར་གྱི་འགལ་ཟླ་དང་གདོང་ཐུག་གསོན་ཉམས་དོད་པོས་མཚོན་པར་བྱས་ཤིང་། ཁ་རྩོད་དྲག་པོ་ནས་གདམ་ག་བྱེད་ཁག་པའི་བར་དང་དེ་ནས་ཕན་ཚུན་བསམ་ཤེས་དང་བཟོད་སྒོམ་བྱེད་པའི་བར་གྱི་ཞིབ་ཆ་ཚང་མས་ལྟད་མོ་བའི་ཡིད་དབང་རབ་ཏུ་བཀུག་ཡོད། ཚང་མས་ཟློས་གར་ནང་གི་དགའ་སྐྱོ་ཆགས་སྡང་གཏིང་ཟབ་ཚོར་ནས་ཡུལ་དངོས་སུ་དགའ་བསུ་ཡང་ཡང་ཞུས་ཡོད།

    ད་ཐེངས་ཀྱི་བྱེད་སྒོ་ནི་རིག་རྩལ་འཁྲབ་སྟོན་ཡིན་པ་མ་ཟད། མི་རིགས་མཐུན་སྒྲིལ་དང་སྲིད་ཇུས་དྲིལ་བསྒྲགས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་དེ་བས་ཀྱང་ཡིན་པས། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་བར་ཐག་སྔར་བས་ཉེ་རུ་ཕྱིན་པ་དང་། མི་རིགས་ཁག་གི་སྤེལ་རེས་དང་མཐུན་སྒྲིལ་ལ་སྐུལ་མ་ཐེབས་ནས་བོད་དར་རྒྱས་གོང་འཕེལ་ཡོང་བར་བསམ་པའི་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཚོགས་པའི་སྤྱི་ཁྱབ་ཅིང་ལི་རྒྱལ་མཚན་ཕུན་ཚོགས་ཀྱིས“ཟློས་གར་འདི་རྩོམ་སྒྱུར་ནས་ནང་སྦྱོང་བྱེད་པའི་བར་ཁྱོན་ཟླ་བ་གསུམ་ཙམ་འགོར་སོང་། ང་ཚོས་མང་ཚོགས་ཀྱིས་གོ་ཐུབ་པ་དང་། སྦྱངས་ན་ཤེས་པ། བེད་སྤྱོད་ཐུབ་པ་བཅས་ཀྱི་ནང་དོན་འཁྲབ་ནས་ཏང་གི་གཟིགས་སྐྱོང་སྲིད་ཇུས་ཁག་སྒྲོག་འགྲེལ་བྱས་ཏེ། མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུའི་ཁྲིད་སྟོན་བྱེད་ཀྱི་ཡོད། ཕྱིན་ཆད་ང་ཚོས་ད་དུང་མཚོ་སྣ་དང་། རྒྱ་ཚ། སྣེ་གདོང་བཅས་སུ་སྐོར་སྐྱོད་འཁྲབ་སྟོན་ཐེངས་མང་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་བཤམས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།