ཀྲུང་མོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཀྱི་མདུན་ལམ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཟླ་7ཚེས་19ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་མོ་རི་ཐ་ནི་ཡའི་ཙུང་ཐུང་ཅ་ཙི་ཝ་ཉི་དབར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ཏེ་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད། ལོ་ངོ་60ཡི་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་མོ་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཕན་ཚུན་ལྟ་སྐྱོང་དང་གཉིས་ཁེ་གཉིས་ཕན་གྱི་དཔེ་མཚོན་བཏོད་ཡོད།
ཀྲུང་གོ་དང་མོ་རི་ཐ་ནི་ཡས་ཆབ་སྲིད་ཐད་ཕན་ཚུན་བརྩི་འཇོག་གིས་རང་ངོས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་མོའི་འབྲེལ་བ་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་འཕེལ་རྒྱས་ཀྱི་མྱུར་ལམ་དུ་བསྐྱོད་ཡོད། 2024ལོའི་ཟླ་9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཞུགས་པར་ཕེབས་པའི་ཙུང་ཐུང་ཅ་ཙི་ཝ་ཉི་དང་མཇལ་འཛོམས་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་མོའི་དབར་གྱི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་རང་རང་ངོས་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་ཕྱི་རོལ་ཕྱོགས་གཏོགས་ཀྱིས་མོ་རི་ཐ་ནི་ཡའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད། མོ་རི་ཐ་ནི་ཡ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་ཀྱི་གྲོས་འགོ་དང་འདོད་ཚུལ་ཁག་དང་ལེན་ཧུར་ཐག་ཞུ་གི་ཡོད། རྒྱལ་ཁབ་གཉིས་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་བྱས་ནས། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་ཀྱིས་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་ཀྱི་ཡོད།
ཀྲུང་གོ་དང་མོ་རི་ཐ་ནི་ཡས་དཔལ་འབྱོར་ཐད་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་པར་བརྟེན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། ཀྲུང་གོ་སྲིད་གཞུང་གིས་དུས་ཡུན་རིང་པོར་མོ་རི་ཐ་ནི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་ཧུར་ཐག་བྱས་ཡོད། 1968ལོར། ཀྲུང་མོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་གསུམ་སོང་རྗེས། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་ཕྱོགས་ལ་རིན་མེད་རོགས་སྐྱོར་རྣམ་གྲངས་དང་པོ་ལག་ལེན་བསྟར་ཞིང་། རྣམ་གྲངས་དེ་ནི་མོ་པོ་ལིའི་ཆུ་འབྲས་དཔེ་སྟོན་ཞིང་ར་བསྐྲུན་ནས་ཆུ་འབྲས་འདེབས་འཛུགས་ཚོད་ལྟ་བྱས་པ་དེ་རེད། ཀྲུང་གོ་སྲིད་གཞུང་གིས་རོགས་སྐྲུན་བྱས་པའི་མཛའ་གྲོགས་གྲུ་ཁ་དང་། མཛའ་གྲོགས་སྣོལ་ཟམ། རྒྱལ་ཁབ་ལུས་རྩལ་ཐང་། གྲོས་ཚོགས་ལྟེ་གནས། མཛའ་གྲོགས་སྨན་ཁང་སོགས་གཙོ་གནད་རྣམ་གྲངས་ནི་ཀྲུང་མོའི་དབར་གྱི་མཛའ་གྲོགས་ཡུན་རིང་བརྟན་དུ་ཕྱིན་པའི་དཔང་རྟགས་རེད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། ཀྲུང་གོ་ནི་ལོ་མང་བསྟུད་མར་མོ་རི་ཐ་ནི་ཡའི་ཚོང་དོན་རོགས་ཟླའི་གནས་བབ་མཐོ་ཤོས་སུ་བརྟན་པོར་གནས་ནས། 2024ལོར་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་24.2ཟིན་པ་དེ་དུས་མཚུངས་ལས་7.8%འཕར་ཡོད། 2023ལོར། ཀྲུང་མོ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཉམ་ལས་འཆར་འགོད་ལ་མིང་རྟགས་བཀོད་ནས། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཀྱི་ལེའུ་གསར་པ་གཏོད་འགོ་ཚུགས་ཡོད། 2024ལོའི་ཟླ་12ཚེས་1ཉིན་ནས་བཟུང་། ཀྲུང་གོས་མོ་རི་ཐ་ནི་ཡ་ཚུད་པའི་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཚང་མར་ཁྲལ་སྣའི་ཐོན་རྫས་ལ་སྒོ་ཁྲལ་རྩ་བ་ནས་སྤྲོད་མི་དགོས་པའི་ཐོབ་ཐང་སྤྲད་ཡོད།
མིག་སྔར། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་དོན་གཉེར་བྱེད་པ་ནི་ཐབས་མཁས་རང་སྲུང་གཅིག་པུ་མིན་པར། མོ་རི་ཐ་ནི་ཡ་ཕྱོགས་ཚུད་པའི་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཉམ་དུ་དེང་རབས་ཅན་མངོན་འགྱུར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ཏེ། མོ་རི་ཐ་ནི་ཡའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྦྱིན་པ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ། དུས་དང་རྣམ་པ་ཀུན་ཏུ་དུས་རབས་གསར་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
ལོ་ངོ་60ཡི་རིང་སྐྱིད་སྡུག་མཉམ་མྱོང་བྱས་ཤིང་། ཀྲུང་མོའི་དབར་གྱི་མཛའ་གྲོགས་ནི་བྱེ་ཐང་སྟེང་གི་སྔོ་ལྗང་གླིང་ཕྲན་ལྟར་ནམ་ཡང་ཉམས་མེད་དུ་གནས་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ནས། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་མཐུན་སྒྲིལ་མཉམ་ལས་ཟབ་ཏུ་བཏང་སྟེ། ཀྲུང་མོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་མདུན་ལམ་གསར་པ་རྒྱུན་ཆད་མེད་པར་གཏོད་འདོད་ཡོད།
(རྩོམ་པ་པོ་ནི་མོ་རི་ཐ་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན་པ)
འབྲེལ་ཡོད་གསར་འགྱུར།