2025ལོའི་རྒྱ་མཚོ་བཅོས་སྐྱོང་དང་འཕེལ་རྒྱས་ཀྱི་རིག་གཞུང་སྤེལ་རེས་ཚོགས་འདུར“ལྷོ་རྒྱ་མཚོའི་ཁྲུན་གཅོད”ལ་དགག་པ་རྒྱག་པ་དང་ཁ་གཏད་གཅོག་པར་དམིགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཏ་ལེན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཏ་ལེན་མཚོ་དོན་སློབ་ཆེན་གྱིས་གཙོ་གཉེར་བྱས་པའི་2025ལོའི་རྒྱ་མཚོ་བཅོས་སྐྱོང་དང་འཕེལ་རྒྱས་ཀྱི་རིག་གཞུང་སྤེལ་རེས་ཚོགས་འདུ་ལེའོ་ཉིང་ཏ་ལེན་དུ་འཚོགས་ཤིང་། རྒྱལ་ནང་གི་མཐོ་སློབ་དང་། ཚན་ཞིབ་ཁང་། ཇུས་འདོན་ཚོགས་པའི་སྒྲིག་གཞི་བཅས་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་80ཙམ་ཚོགས་འདུར་ཞུགས་ཡོད། རིག་གཞུང་སྤེལ་རེས་ཚོགས་འདུར“‘ལྷོ་རྒྱ་མཚོའི་ཁྲུན་གཅོད’ལ་དགག་པ་རྒྱག་པ་དང་ཁ་གཏད་གཅོག་པ་སྟེ། ཀྲུང་གོའི་མཐོང་ཚོར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཚོགས་འདུར་ཞུགས་མཁན་དང“‘ལྷོ་རྒྱ་མཚོའི་ཁྲུན་གཅོད་ཀྱི་དཔྱད་མཚམས་གཏོང་བའི’ཁྲིམས་གཞིའི་དགག་རྒྱག”དང་། “ལྷོ་རྒྱ་མཚོའི་དུས་བབ་དང་ལས་འགན” “རྒྱལ་ཁབ་ཀྱི་རྒྱ་མཚོ་བཅོས་སྐྱོང་དང་འཕེལ་རྒྱས”སོགས་བརྗོད་གཞིར་དམིགས་ནས་བགྲོ་གླེང་དང་སྤེལ་རེས་གཏིང་ཟབ་བྱས་ཡོད།
ཏ་ལེན་མཚོ་དོན་སློབ་ཆེན་གྱི་སློབ་སྤྱི་ཏན་ཧུང་ཅུན་གྱིས། ལྷོ་རྒྱ་མཚོའི་གནད་དོན་ནི་རྒྱལ་ཁབ་ཀྱི་བདག་དབང་དང་རྒྱ་མཚོའི་ཁེ་དབང་དང་འབྲེལ་བ་ཡོད་པས། མཐོ་སློབ་ཀྱི་ཇུས་འདོན་ཚོགས་པས་རིག་གཞུང་ཞིབ་འཇུག་གི་ལེགས་ཆ་གང་ལེགས་བཏོན་ཏེ། རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆའི་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་དང་དེ་བཞིན་རྒྱ་མཚོའི་གཏམ་གླེང་རྒྱལ་སྤྱིར་ཁྱབ་གདལ་གཏོང་ཆེད་བློ་གྲོས་སྐྱེས་སུ་འབུལ་དགོས་ཞེས་བརྗོད་པ་རེད།
ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ལྷོ་རྒྱ་མཚོའི་མངའ་ཁོངས་ས་ཆའི་བདག་དབང་དང་རྒྱ་མཚོའི་ཁེ་དབང་ཐད་ཀྲུང་གོར་ལོ་རྒྱུས་དང་ཁྲིམས་གཞིའི་གཞི་འཛིན་ས་གང་ལེགས་ཡོད། “ལྷོ་རྒྱ་མཚོའི་ཁྲུན་གཅོད་གྱོད་གཞིས”ལྷོ་རྒྱ་མཚོའི་གཞི་རྩའི་དོན་དངོས་ལ་སྣང་མེད་བཏང་བ་ནི་ངན་ཇུས་ཞིབ་ཚགས་བྱས་པའི་ཆབ་སྲིད་ཀྱི་དགོད་བྲོའི་ཟློས་གར་ཞིག་ཡིན་པས། དེ་ནི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས》 ཚུད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ལ་རྒྱབ་འགལ་བྱས་པ་ཞིག་ཡིན་སྟབས། ཁྲིམས་དང་མ་མཐུན་པས་གོ་ཆོད་ཀྱི་མེད། ལྷོ་རྒྱ་མཚོའི་ཕྱོགས་ཁག་གིས“ལྷོ་རྒྱ་མཚོའི་བྱ་སྤྱོད་ཀྱི་རྩ་འཛིན”གང་མགྱོགས་གྲུབ་པར་སྐུལ་འདེད་བཏང་སྟེ། ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་ཐུབ་པར་བྱེད་དགོས་ཞེས་བརྗོད་པ་རེད།
རིག་གཞུང་སྤེལ་རེས་ཚོགས་འདུའི་རིང་། ཏ་ལེན་མཚོ་ཐོག་ལས་དོན་སློབ་ཆེན་གྱིས《ཀྲུང་གོའི་རྒྱ་མཚོའི་ཁྲིམས་སྐྱོང་འཕེལ་རྒྱས་སྙན་ཞུ(2025ལོ)》ཁྱབ་བསྒྲགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།