ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་འཆང་བཞིན་མཚོ་སྐྱོར་ལས་འགན་ལེགས་པར་བསྒྲུབས།
ཟླ་7པའི་ཟླ་སྟོད་དུ། མཚོ་སྐྱོར་ལས་དོན་མཇུག་འགྲིལ་ཉེར་ཡོད་པའི་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གཞོན་པ་ཝང་ཆི་དབྱང་ད་དུང་མཚོ་སྐྱོར་རྣམ་གྲངས་ཀྱི་རྗེས་སྙེག་ལས་ཀའི་དཔྱད་ཡིག་ལེགས་སྒྲིག་སོགས་ལས་ལ་གཞོལ་བཞིན་ཡོད་ཅིང་། ལས་ཀའི་ཉིན་མོ་གཅིག་རིང་ཁོང་གི་ལག་ཐོགས་ཁ་པར་གཏོང་རེས་ཐེངས་ཉི་ཤུ་ལྷག་ཙམ་ནས་ཆད་མྱོང་མེད།
ཐོག་མར་ས་མཐོར་སླེབས་དུས་ལ་དུག་ཡང་ཡང་ཕོག་གི་ཡོད། 2022ལོའི་ལོ་མཇུག་ཏུ་ལས་འགན་ཁུར་བའི་ཝང་ཆི་དབྱང་ལོ་ཕྱེད་ཀྱི་རྗེས་སུ་རིམ་བཞིན་ཡུལ་ལུང་དེ་གའི་གནམ་གཤིས་ཁོར་ཡུག་ལ་འཕྲོད་པ་མ་ཟད། ཉེ་འཁོར་གྱི་མི་དང་དོན་དག་ལའང་རྒྱུས་མངའ་ཡོད་པར་གྱུར། ཧོང་ཕུའུ་ཆུས་ཚོང་དོན་ཨུ་ལྷན་དུ་ལས་དོན་སྒྲུབ་རིང་བསགས་པའི་ཐོན་ལས་འཕེལ་རྒྱས་དང་ཚོང་འགུག་མ་འདྲེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོར་བརྟེན་ནས་ཁོང་ཡུལ་ཕྱོགས་གང་སར་བསྐྱོད་དེ་བརྟག་ཞིབ་བཅར་འདྲི་བྱས་ཤིང་། ལས་ཀའི་བསམ་ཕྱོགས་ཆགས་པ་དང་རྫོང་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད།
2023ལོའི་ཟླ་10པར། རྨ་སྟོད་རྫོང་མི་དམངས་སྨན་ཁང་གིས་རེ་སྒུག་ཡུན་རིང་བྱས་པའི་CTའཕྲུལ་ཆས་གསར་པ་བཀོད་སྒྲིག་བྱས་པས་ཡུལ་ལུང་དེ་གའི་འབྲོག་པ་མང་ཚོགས་ཀྱིས་ནད་གཞི་བསྟེན་དཀའ་བའི་གནད་དོན་ཐག་གཅོད་འོས་འཚམ་ཐུབ་ཡོད། ཝང་ཆི་དབྱང་གིས“2023ལོའི་ཟླ་3པར། ངས་བརྟག་ཞིབ་དང་བཅར་འདྲི་བྱེད་སྐབས། རྫོང་སྨན་ཁང་གི་བང་རིམ་12ཅན་གྱི་CTའཕྲུལ་ཆས་གཅིག་པོ་དེ་སྤྱོད་ཡུན་ལས་བརྒལ་ནས་ལོ་6ཕྱིན་པས་སྨན་པ་བསྟེན་མཁན་ནད་པའི་བརྟག་དཔྱད་མཇུག་འབྲས་ཀྱི་ཡང་དག་རང་བཞིན་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད་པ་ཤེས་རྟོགས་བྱུང་། རྫོང་སྨན་ཁང་ལ་ཡུན་རིང་འཕྲད་པའི་གནད་དོན་དེས་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་འགན་སྲུང་བྱེད་པར་ཤུགས་རྐྱེན་ཆེན་པོ་ཐེབས་པས། ངེས་པར་དུ་གང་མགྱོགས་ཐག་གཅོད་བྱེད་དགོས”ཞེས་བཤད།
ཕྱི་ཉིན་དེར་ཝང་ཆི་དབྱང་གིས་ཧོང་ཕུའུ་ཆུས་མཉམ་ལས་སྤེལ་རེས་གཞུང་ལས་ཁང་ལ་ཁ་པར་བཏང་ནས་གནས་ཚུལ་གསལ་བཤད་བྱས་པ་དང་རྒྱབ་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་དཀའ་ངལ་ཐག་གཅོད་བྱེད་པའི་རེ་འདུན་ཞུས། དེའི་རིང་ཁོང་གིས་འཇམ་རྩུབ་ཀྱི་ཐབས་ཤེས་སྣ་ཚོགས་སྤྱད་ཅིང་། མཐར་ལོ་དེའི་ཟླ་6པར་ཞལ་འདེབས་རྒྱག་འདོད་ཡོད་པའི་ཧྲང་ཧའེ་གྲོང་ཁྱེར་ཅིང་ཤན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་ཧྲང་ཧའེ་མཉམ་འབྲེལ་བརྙན་པར་ཚོགས་པའི་ཚན་པ་གཉིས་དང་འབྲེལ་མཐུད་བྱུང་བ་རེད། ཞལ་འདེབས་ཀྱི་གོ་རིམ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་བདེ་བླག་བྱུང་རྗེས། རིན་ཐང་སྒོར་ཁྲི་600ལྷག་ཙམ་རི་བའི་བང་རིམ་64ཅན་གྱི་CTའཕྲུལ་ཆས་གསར་པ་ལོ་དེའི་ཟླ་10པར་རྫོང་སྨན་ཁང་དུ་སྒྲིག་སྦྱོར་བྱས་པ་རེད།
“ཧྲང་ཧའེ་ཡི་མཚོ་སྐྱོར་ལས་བྱེད་པ་ཧྲུའུ་ཅི་ཆི་དབྱང་གི་མཐུན་སྦྱོར་རོགས་རམ་འོག རྨ་སྟོད་ལ་མཁོ་གལ་ཆེ་ཤོས་དང་སྔོན་ཆད་རྨི་ལམ་དུའང་རེ་བའི་CTའཕྲུལ་ཆས་གསར་པ་རྫོང་སྨན་ཁང་དུ་སྒྲིག་སྦྱོར་བྱས་པས། རྨ་སྟོད་ཀྱི་ནད་བརྟག་སྨན་བཅོས་འཇོན་ཐང་ཡར་རྒྱས་ཆེན་པོ་བྱུང་ཡོད། ད་ལྟ་ཕྱིར་དྲན་བྱེད་སྐབས་སྔར་བཞིན་དགའ་ཚོར་ཆེན་པོ་སྐྱེ་ཡི་འདུག”ཅེས་རྨ་སྟོད་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡན་ཧུང་མེ་ཡིས་བརྗོད།
“འབྲོག་ཁུལ་དུ་ནོར་ནག་གི་ཁུ་ལུ་ནི་རྩེ་གྲ་ཞིག་རེད”སྐབས་དེར་ཝང་ཆི་དབྱང་གིས་སླར་ཡང་དགའ་ཚོར་ངང“ན་ནིང་དབྱར་ཁར་ང་ཚོས་སྟོང་རི་མཚོ་ནག་གི་ངོགས་སུ་དེང་རབས་ཀྱི་དར་སྲོལ་དང་བོད་ལུགས་ཀྱི་སྲོལ་རྒྱུན་གཉིས་ཟུང་འབྲེལ་ཡག་པོ་བྱས་ཏེ། ནོར་ནག་གི་ཁུ་ལུས་གཙོ་བོར་བྱས་ནས་བཟོས་པའི་གྱོན་གོས་བརྒྱ་ལྷག་ཙམ་མོ་ཐྲོལ་གྱིས་གྱོན་ནས་འགྲེམས་སྟོན་བྱས་པ་དང་། ‘ནོར་ནག་གི་ལུས་པོ་ཡོངས་ནོར་བུ་ཡིན’ཞེས་པའི་སྐད་ཆ་དེར་རྫུན་མེད་པའི་ར་སྤྲོད་དངོས་བྱུང་ཡོད”ཅེས་བརྗོད།
ན་ནིང་ཧྲང་ཧའེ་ཧྲ་ཅོན་དར་སྲོལ་ཆེ་བའི་གྱོན་གོས་ཚན་རྩལ་ཚད་ཡོད་ཀུང་སི་དང་འབྲེལ་ལམ་བཙུགས་ནས། ཝང་ཆི་དབྱང་དང་ཧྲང་ཧའེ་གྲོང་ཁྱེར་གྱི་མཚོ་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་གིས་ཧྲ་ཅོན་གྱི་སྣམ་བུའི་སྐོར་གྱི་འཕེལ་རྒྱས་གནས་ཚུལ་ལ་ཆེད་མངགས་ལྟ་སྐོར་རྒྱུས་ལོན་བྱས་པ་མ་ཟད། སྟོང་རི་མཚོ་ནག་གི་ངོགས་སུ་སྐྱེ་ཁམས་ཀྱི་དར་སྲོལ་ཆེ་བའི་གྱོན་གོས་ངོམ་སྟོན་བྱས་ཤིང་། དུས་མཚུངས་ཐོན་ལས་རོགས་སྐྱོར་གྱི་ཉམས་མྱོང་དང་བྱེད་སྟངས་ཀྱང་མགོ་ལོག་ཏུ་ཁྱབ་གདལ་བཏང་བ་རེད། རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་འཇིགས་མེད་ཁྱིམ་ནས་ཡིན་པའི་ནོར་འཛིན་ལྷ་མོ་ནི་སྣམ་བུའི་ཐོན་ལས་ཀྱི་ཕན་པ་ཐོབ་མཁན་ཞིག་རེད།
ན་ནིང་ཟླ་6པར། སྔོན་ཆད་གང་སར་གླ་པ་རྒྱུག་པའི་ཁོ་མོ་ཧྲང་ཧའེ་རུ་གསོ་སྦྱོང་བྱས་རྗེས་རྨ་ཆེན་རྫོང་གི“ཧྲང་ཧའེ་ཆིན་དབྱི”སྣམ་བུ་ལག་ཤེས་བསླས་འཐག་ཁང་གི་ཐོག་མའི“བུད་མེད”བཞིའི་གྲས་སུ་གྱུར་པ་དང་ཁོ་མོའི་ལས་ཀ་བྱེད་ས་ནི་རང་ཁྱིམ་གྱི་ཁུལ་ཆུང་འགྲམ་དུ་ཡོད། བསླས་འཐག་གི་ཐོན་རྫས་རེར་ཡོང་འབབ་སྒོར་200རག་གི་ཡོད་པ་དང་དེའི་ཁར་ཧྲང་ཧའེ་ཡི་གཏན་འཇགས་ཀྱི་མངགས་ཐོ་ཡོད་པར་བརྟེན་ནོར་འཛིན་ལྷ་མོར་སྒོ་རྩར་ལས་ཞུགས་ཐུབ་ནས་འབབ་འཕར་བྱུང་ཡོད་པ་རེད།
གཞི་རིམ་དུ་སྐྱོད་པའི་ལམ་བར་དུ་ཁོང་གིས་ས་མཐོའི་ཉིན་གཅིག་གི་དུས་ཚིགས་བཞི་ཉམས་སུ་མྱོང་བ་དང་། ལམ་བར་བརྡ་རྟགས་དང་ཚོང་ཁང་མེད་ནའང་། རླངས་འཁོར་ནང་ཁ་ལོ་བ་དང་ལས་བྱེད་པས་མཉམ་དུ་མོག་མོག་ཟ་བ་དང་སྟབས་བདེའི་ཐུག་པ་འཐུང་གི་ཡོད་པས། ཁོང་ལ་བརྗོད་མི་ཤེས་པའི་སྤྲོ་སྣང་ཞིག་བྱུང་།
ད་ཆ་ཁོང་ངོ་ཤེས་མཁན་ཚང་མས“ཧྲུའུ་ཅི་ཆི་དབྱང་ཐོག་མར་སླེབས་དུས་ད་ལྟ་ནང་བཞིན་མ་རེད”ཅེས་ཤོད་ཀྱི་ཡོད། བསམ་ཚོད་བྱེད་དཀའ་བ་ཞིག་ལ་ལོ་བཞི་བཅུ་ཡང་མ་སོན་པའི་ཧྲང་ཧའེ་ཡི་མཚོ་སྐྱོར་ལས་བྱེད་པ་ཁོང་གི་སྐྲ་དཀར་པོར་གྱུར་པ་དང་ངོ་གདོང་ལ་ས་མཐོའི་ལྷགས་རླུང་གིས་བཟོས་པའི་གཉེར་མ་མངོན་ཡོད། “བལྟས་ཚོད་ཀྱིས་བགྲེས་ཉམས་དེ་འདྲ་ཨེ་ཡོད་དམ། མཚོ་སྐྱོར་ལས་བྱེད་པའི་ལས་ཀ་རྒྱུན་གཏན་ནས་དེ་འདྲ་མ་རེད་དམ”ཞེས་ཝང་ཆི་དབྱང་གིས་འཛུམ་དམུལ་དམུལ་ངང་བཤད།
འབྲེལ་ཡོད་གསར་འགྱུར།