དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སྣང་རྫོང་ཁྲལ་དོན་ཅུས་ཀྱིས“སྟབས་བདེ་ཅན་དང་། རང་གཤིས་ཅན། གནད་སྨིན་ཅན”བཅས་ཀྱི་དམིགས་ཚད་ལ་དམིགས་པ།

    ཁྲལ་དོན་དང་ཁེ་ལས་དབར་འབྲེལ་ཟམ་བཙུགས་ནས་ཁེ་ལས་འཕེལ་རྒྱས་ལ་གནད་སྨིན་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-23

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སྣང་རྫོང་ཁྲལ་དོན་ཅུས་ཀྱིས“སྟབས་བདེ་ཅན་དང་། རང་གཤིས་ཅན། གནད་སྨིན་ཅན”བཅས་ཀྱི་དམིགས་ཚད་ལ་དམིགས་ཏེ། ཞབས་འདེགས་ཞུ་སྟངས་རབ་དང་རིམ་པ་གསར་གཏོད་ངང་བཏོན་ཏེ་ཁྲལ་གྲོན་ཞབས་ཞུ་ལེགས་སུ་བཏང་བ་མ་ཟད། མྱུར་ཚད་དང་ཞིབ་ཚད་ཡང་ལྡན་པར་བྱས་ཡོད།

    སྟབས་བདེ་ཅན་གྱི་ཁྲལ་དོན་སྒྲུབ་གཉེར་ལ་བརྟེན་ནས་ཁྲལ་བསྡུའི་ཞབས་ཞུ་ལེགས་སུ་བཏང་བ།

    “དེ་གོང་ཁྲལ་དོན་སྒྲུབ་གཉེར་དང་གྲོན་དངུལ་འཇལ་སྐབས་ལས་ཁུངས་མང་པོ་ཞིག་ལ་འགྲོ་དགོས་པས་དུས་ཚོད་རིང་པོ་འགོར་གྱི་འདུག ཡིན་ནའང་ད་ཆ་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་ཁྲལ་འབྲེལ་ལས་སྒོ་ཚང་མ་ཐེངས་གཅིག་ལ་གཉེར་ཐུབ་ནས་ལས་ཕྱོད་ཆེ་བ་མ་ཟད། སྟབས་བདེ་པོ་འདུག”ཅེས་སྣང་རྫོང་ཡུང་ཟླ་སྡོད་ཁང་མཛེས་བཟོ་ཚད་ཡོད་ཀུང་སིའི་ནོར་དོན་ལས་དོན་པས་དགའ་ཚོར་ཆེན་པོས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྣང་རྫོང་ཁྲལ་དོན་ཅུས་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ཁྲལ་གྲོན་ཞབས་ཞུའི་ལས་སྒོ་ཧྲིལ་པོ་སྣང་རྫོང་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་བཅའ་སྡོད་བྱས་པའི་ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་ཐོག་མ་དེ་ཡིན་ཞིང་། དེར་ཁྲལ་དོན་བློ་འདྲི་ཁུལ་དང་། རང་འགུལ་ཁྲལ་སྒྲུབ་ཁུལ། ཁྲལ་གྲོན་གྱི་རྩོད་གཞི་འདུམ་འགྲིག་ཁང་བཅས་བཙུགས་པ་དང་ཆབས་ཅིག ཁྲལ་དོན་སྒྲུབ་གཉེར་དང་གྲོན་འཇལ་སྐར་ཁུང་གཉིས་བཙུགས་པ་དང་བྱེད་ནུས་ཁུལ་ཁོངས་ཁག་གིས་ཕན་ཚུན་མཉམ་ལས་བྱས་ཏེ“ཁྲལ་དོན་དང་སྲིད་དོན་ཟུང་དུ་འབྲེལ་བའི”ཁྲལ་གྲོན་སྐར་ཁུང་གཅིག་ནས་ལས་དོན་ཀུན་སྒྲུབ་ཐུབ་པ་དང་། མང་ཚོགས་ཀྱི་ཁྲལ་སྒྲུབ་མ་གནས་དམའ་རུ་ཤུགས་ཆེན་ཕྱིན་ཏེ་ཁྲལ་འཇལ་མཁན་ལ་དེ་བས་སྟབས་བདེ་དང་ལས་ཕྱོད་ཆེ་བའི་ཁྲལ་སྒྲུབ་ཞབས་འདེགས་ཞུས་ཡོད།

    རང་གཤིས་ཅན་གྱི་ཞབས་ཞུར་བརྟེན་ནས་ཁེ་ལས་འཕེལ་རྒྱས་འགྲོ་མགྱོགས་སུ་བཏང་བ།

    སྣང་རྫོང་གི་ས་གནས་དེ་གའི་གཙོ་གནད་ཁེ་ལས་ཤིག་ཡིན་པའི་ངོས་ནས“རང་ཡུལ་གྱི་ཞིང་ལས་ཐོན་རྫས”དང“ཉོ་སྒྲུབ་ཞིང་ལས་ཐོན་རྫས”“ཐོན་རྫས་ལས་སྣོན་ཞིབ་ཚགས”“ཕྱིར་གཏོང་ཞིང་ལས་ཐོན་རྫས”བཅས་དབྱེ་བ་འབྱེད་པའི་ཁྲལ་དོན་ཐག་གཅོད་ཐད་གནས་པའི་དོགས་གཞིར་དམིགས་ཏེ། སྣང་རྫོང་ཁྲལ་དོན་ཅུས་ཀྱི་ཞིང་ལས་ཐོན་རྫས་ཁྲལ་བསྡུ་ཞབས་ཞུའི་ལས་གནས་ཀྱིས་འཕྲལ་མར་ལན་བཏབ་པ་མ་ཟད། ཞིང་ལས་ཐོན་རྫས་ཉོ་ཚོང་བཀོལ་སྤྱོད་ལ་མཛུབ་ཁྲིད་ཡང་བྱས་ཏེ། ཞིང་ལས་ཁེ་ལས་ཀྱིས་ཁྲལ་བསྡུའི་རྒྱབ་སྐྱོར་སྲིད་ཇུས་ལོངས་སྤྱོད་ཡང་དག་བྱེད་པར་རོགས་རམ་དང་། ཞིང་ལས་ཁེ་ལས་ཀྱིས་ཁྲལ་འབྲེལ་ལས་སྒོ་མགྱོགས་མྱུར་སྒྲུབ་པར་སྟབས་བདེ་བསྐྲུན་ནས་ཁྲལ་འབྲེལ་གྱི་ཉེན་ཁ་སྔོན་འགོག་བྱས་ཡོད།

    སྣང་རྫོང་ཁྲལ་དོན་ཅུས་ཀྱིས་ད་དུང་2024ལོའི་ལོ་འཁོར་གྱི་ཁྲལ་འཇལ་ཡིད་རྟོན་རིམ་པའི་འབྲས་བུར་གཞིགས་ཏེ། “ཁྲལ་དོན་གཉེར་པའི”ཞབས་ཞུའི་རྣམ་པར་བརྟེན་ནས་ཁེ་ལས་དང“གཅིག་གཏད་གཅིག”གི་སྦྲེལ་མཐུད་རྗེས་སྙེག་ཞབས་ཞུའི་འབྲེལ་བ་བཙུགས་ཏེ་ཁེ་ལས་ཡུན་རིང་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་པ་དང་། “གཅིག་གཏད་གཅིག”གི་ཁ་པར་གྱི་མཛུབ་ཁྲིད་དང་ཁྱིམ་ཚང་དུ་སྐྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དུས་ཐོག་ཏུ་ནོར་དོན་སྙན་ཞུའི་རེའུ་མིག་དང་ཁྲལ་འཇལ་རེ་ཞུ་སོགས་སྐར་གྲངས་མང་པོ་གཅོག་པའི་དོན་གནད་ཁེ་ལས་ལ་གསལ་བཤད་བརྒྱབ་ནས་ཁེ་ལས་ཀྱིས་ཁ་དན་ཚིག་གནས་ཐུབ་པར་བྱས་ཡོད།

    གནད་སྨིན་ཅན་གྱི་ཟུར་ཁྲིད་བྱས་ནས་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་བ།

    “ཁྲལ་དོན་ལས་བྱེད་པའི་ཟུར་ཁྲིད་ལ་དམིགས་སའི་རང་བཞིན་ལྡན་ཚད་ཇེ་ཆེར་འགྲོ་བཞིན་ཡོད། ང་ཚོར་དྲ་ཐོག་ནས་རྩིས་འཛིན་ལེན་པ་དང་། རྩིས་འཛིན་འབྲི་བ། རེ་ཞུ་སོགས་བྱེད་སྟངས་དམར་ཁྲིད་བྱེད་ཀྱི་འདུག་པས་ཁེ་ལས་འཕེལ་རྒྱས་གཏོང་བའི་ཡིད་ཆེས་བརྟན་དུ་ཕྱིན་སོང་། དེ་དང་ཆབས་ཅིག་ཁྲལ་དོན་ཅུས་ཀྱིས་ད་དུང་ང་ཚོར་བོད་ཤོག་ཁེ་ལས་དང་འབྲེལ་གཏུག་གི་ལས་སྟེགས་འཛུགས་རོགས་བྱས་ནས་ལས་རིགས་གཅིག་པའི་གཉེར་སྐྱོང་བའི་དབར་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱེད་པ་དང་དགེ་སྤེལ་སྐྱོན་སྤོང་བྱེད་པར་དེ་བས་སྟབས་བདེ་བསྐྲུན་ནས། ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱས་ཡོད”ཅེས་སྣང་རྫོང་སྐྱེམས་སྟོང་ཤང་སྐྱེམས་སྟོང་ཁུལ་གསར་བོད་ཤོག་བཟོ་གྲྭའི་འགན་འཁུར་བ་རྒྱགས་ལོད་ཀྱིས་བཤད།

    སྣང་རྫོང་ཁྲལ་དོན་ཅུས་ཀྱིས་ཐག་རིང་ས་ཁུལ་ལ་དམིགས་ཏེ། “ཉིང་ཁྲིའི་ཁྲལ་བསྡུའི་གཟིགས་སྐྱོང་། སྣང་རྫོང་གི་ཁྲལ་དོན་དྲིལ་བསྒྲགས”ཞེས་པའི་ཁྲལ་བསྡུའི་དྲིལ་བསྒྲགས་ཐད་སྦྲེལ་ལམ་སྲོལ་བཙུགས་ནས་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་དཀའ་གནད་ལ་གཞིགས་ཏེ། དེའི་འཕེལ་རྒྱས་ཀྱི་དཀའ་ངལ་དང་ཁྲལ་འབྲེལ་གྱི་དཀའ་གནད་སོགས་ཀྱི་གནད་དོན་གསེད་བཀྲོལ་དང་ཁེ་ལས་ཀྱི་འགན་འཁུར་བར་དྲ་ཐོག་ནས་རྩིས་འཛིན་ལེན་པ་དང་། རྩིས་འཛིན་འབྲི་བ། རེ་ཞུ་སོགས་བྱེད་སྟངས་དམར་ཁྲིད་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལ་རམ་འདེགས་བྱས་ཡོད།

    གཙོ་གནད་རྣམ་གྲངས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུ་རྡོ་ལྟ་བུ་ཡིན། སྣང་རྫོང་ཁྲལ་དོན་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་གཙོ་གནད་རྣམ་གྲངས་ལ“རྣམ་གྲངས་རེར་ཡིག་ཚགས་རེ་དང་ཚོགས་པ་རེར་ཇུས་གཞི་རེའི”ཆེད་དོན་ཞབས་ཞུའི་ལམ་སྲོལ་བཙུགས་པ་དང་རྣམ་གྲངས་ཆེ་གྲས་ལ་དམིགས་ཏེ། ཆེད་དོན་ཞབས་ཞུའི་ཚོགས་ཆུང་བཙུགས་ནས་རྣམ་གྲངས་གྲ་སྒྲིག་གི་དུས་མཚམས་སུ་སྔ་སྣུར་ནས་ཞུགས་ཏེ་རྣམ་གྲངས་ཀྱི་དུས་འཁོར་ཧྲིལ་པོར་འབྲེལ་བ་ཡོད་པའི་ཁྲལ་གྲོན་གྱི་གནད་དོན་ལེགས་སྒྲིག་བྱས་ནས་དེ་དང་འཚམ་པའི་ཁྲལ་གྲོན་ཞབས་ཞུའི་ལག་དེབ་བཟོས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།