དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་རིམ་ཁག་ཁྲལ་དོན་སྡེ་ཚན་གྱིས་བྱ་ཐབས་སྣ་མང་སྤྱད་དེ་ལྗོངས་ནང་ཁུལ་གྱི་ཁེ་ལས་ལ་སྒྲིག་སྲོལ་དང་མཐུན་པའི་ཚོང་གཉེར་དང་ཡིད་རྟོན་ཁྲལ་འཇལ་བྱེད་པར་ཁྲིད་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-23

    ས་མཐོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ཆེན་པོའི་ནང་ཁྲིམས་ལྟར་ཡིད་རྟོན་ཁྲལ་འཇལ་བྱ་རྒྱུ་དེ་ཁེ་ལས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་རྨང་གཞི་དང་གསོན་ཤུགས་ཀྱི་འབྱུང་ཁུངས་སུ་འགྱུར་བཞིན་ཡོད།

    “ཁྲལ་འཇལ་གྱི་ཡིད་རྟོན་ཡག་པོ་ནི་ཁེ་ལས་ཀྱི‘མངོན་མེད་རྒྱུ་ནོར’རེད”ཅེས་པ་དེར་བོད་ལྗོངས་མཐོ་རྩོད་འཛུགས་སྐྲུན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིའི་འགན་འཁུར་བ་བཀྲ་ཤིས་ཉི་མར་མྱོང་ཚོར་ཟབ་མོ་ཡོད་པ་རེད། བོད་ཀྱི་ཨར་འདམ་ཐོན་སྐྱེད་ཀྱི་སྣེ་འདྲེན་ཁེ་ལས་དང་ལྷ་ཉིང་ལྕགས་ལམ་སོགས་གཙོ་གནད་ལས་གྲྭའི“བང་མཛོད”ཡིན་པའི་ངོས་ནས་ལོ་གཉིས་བསྟུད་མར་Aརིམ་པའི་ཡིད་རྟོན་གདེང་འཇོག་ཐོབ་པས། ཁེ་ལས་དེར་སྲིད་ཇུས་ཀྱི་ཁེ་སྤོགས་དང་ཁྲོམ་རའི་ཡིད་ཆེས་གཉིས་ཀ་ཐོབ་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཁྲལ་དོན་སྡེ་ཚན་གྱིས་གནད་སྨིན་ཤུགས་འདོན་བྱས་ཏེ། ཁེ་ལས་ལ་སྒྲིག་སྲོལ་དང་མཐུན་པའི་ཚོང་གཉེར་དང་ཡིད་རྟོན་ཁྲལ་འཇལ་བྱེད་དགོས་པའི་ཁྲིད་སྟོན་བྱ་རྒྱུ་དེ་ཁྲལ་བསྡུའི་ལས་དོན་གྱི་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་བརྩིས་ནས། ཁྲལ་འཇལ་ཡིད་རྟོན་དེ“མངོན་མེད་གདེང་འཇོག”ནས་ཁེ་ལས་ཀྱིས་མཐོང་ཐུབ་པ་དང་ཚོར་ཐུབ་པའི“འཕེལ་རྒྱས་ཀྱི་སྒུལ་ཤུགས”སུ་འགྱུར་བ་བྱས་ཏེ། གངས་ལྗོངས་ས་མཐོའི་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ནུས་ཤུགས་བཏོན་ཡོད།

    དེ་དང་ཆབས་ཅིག་ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་གནད་སྨིན་ལག་ལེན་བསྟར་བས་ཁེ་ལས་ལྗང་མདོག་རིམ་སྤོར་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ལ་འགྱུར་བཞིན་ཡོད་ཅིང་། བོད་ལྗོངས་ཀྲུང་ཁའེ་གཏེར་ལས་མ་རྐང་ཚད་ཡོད་ཀུང་སི་ནི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། “ཁྲལ་དོན་སྡེ་ཚན་གྱིས་ང་ཚོར་དུས་བཀག་ལྟར་ཉེན་ཁའི་གསལ་ཐོ་བསྐྱལ་ཏེ་སྲིད་ཇུས་ཐད་ནས་མཛུབ་ཁྲིད་བྱས་པས་ན་ནིང་ཀུང་སིར་ཁྲལ་དངུལ་སྒོར་ཁྲི་2500ལྷག་ཙམ་ཆག་ཡང་དང་རྩ་ཆག་བཏང་ཡོད”ཅེས་ཁེ་ལས་ཀྱི་ནོར་དོན་ལས་དོན་པ་ཁྲེང་ལི་ཡིས་བརྗོད། དངུལ་སྨར་དེ་དག་གིས་ཁེ་ལས་ཀྱིས་ལྗང་མདོག་གཏེར་རིའི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། མ་དངུལ་བཏང་ནས་ཁོར་ཡུག་སྲུང་སྐྱོང་དང་སྒྱུར་བཀོད་རིམ་སྤོར་བྱེད་ཐུབ་སྟེ། དཔལ་འབྱོར་གྱི་ཕན་འབྲས་བརྟན་པོའི་ངང་འཕར་བ་དང་ཆབས་ཅིག “གསེར་རི་དངུལ་རི”དང་རི་སྔོན་ཆུ་དྭངས་གཉིས་ཕན་གྱི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ཡོད།

    ད་ཆ་བོད་ཀྱི་རིམ་ཁག་ཁྲལ་དོན་སྡེ་ཚན་གྱིས“སྒྲིག་སྲོལ་དང་མཐུན་པའི་ཚོང་གཉེར་དང་ཡིད་རྟོན་ཁྲལ་འཇལ”བྱ་རྒྱུ་དེ་ཉིད་སྟོན་ཕྱོགས་གསལ་པོ་ཞིག་ལ་བརྩིས་ནས། ཡིད་རྟོན་གདེང་འཇོག་གི“ལྷུག་ཡང་གཅུན་འདོམས”དེ་ཉིད་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་འདེགས་སྐྱོར་བརྟན་པོ་ཞིག་ལ་སྒྱུར་བར་བྱས་ནས་ཁེ་ལས་ཀྱི་གསོན་ཤུགས་རྒྱས་པ་དང་དཔལ་འབྱོར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།