གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་རྒྱུད་བཟང་ཕྱུགས་རིགས་ཁྱབ་གདལ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་པ།
འདི་ནི་ཡུལ་མིས་ཆང་དང་གྲོ་སོ་ཕྱེ་མར་འཁྱེར་ནས་རྒྱུད་བཟང་བ་མོ་ཁྱིམ་དུ་ཁྲིད་རྩིས་བྱེད་བཞིན་པ།
ཉེ་ཆར། 2025ལོའི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་རྒྱུད་བཟང་ཕྱུགས་རིགས་ཁྱབ་གདལ(རྒྱུད་འདྲེས་ཕྱུགས་རིགས་རྒྱུད་བཟང་ཕྱུགས་རིགས་སུ་བརྗེ་བ)གཏོང་བའི་ས་ཡུལ་དངོས་ཀྱི་ཚོགས་འདུ་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་བཀྲ་ཤིས་སྒང་གྲོང་ཚོར་འཚོགས་པ་རེད།
བྱེད་སྒོར་སྟེགས་བུའི་ཐོག་ཉི་རི་གཞུང་ཤང་གི་འབྲེལ་ཡོད་འགན་འཁུར་བས་བབ་ཆགས་པའི་སྐད་ཆའི་ཐོག་ནས་ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་བཅོས་ཀྱི་ཐབས་མཆོག་མཉམ་སྤྱོད་བྱས་པར་ཡུལ་མི་ཚོས་སེམས་རྩེ་གཅིག་ཏུ་ཉན་བཞིན་ཡོད། འགན་འཁུར་བ་དེས“ནང་འདྲེན་བྱས་པའི་བ་མོ་ཁྱིམ་དུ་ཁྲིད་མ་ཐག་སྔོན་ལ་ལོགས་སུ་བཞག་ནས་ལྟ་ཞིབ་ཀྱིས་སྒོ་ཕྱུགས་གཞན་ལ་རིམས་ནད་མི་འགོས་པ་བྱེད་དགོས། རྒྱུད་བཟང་ཕྱུགས་རིགས་ནི་འབྲོག་ལས་འཕེལ་རྒྱས་འགྲོ་བའི་གཙོ་ཤུགས་ཡིན་པས། བ་མོ་ཡག་པོ་འདེམས་ཐུབ་ཚེ་འོ་མའི་ཐོན་ཚད་དང་ཁེ་སྤོགས་མང་པོ་ཡོང་སྲིད”ཅེས་བཤད་པ་དང་། ཡང་ཁོང་གིས་བ་མོ་ཞིག་ལ་མཛུབ་མོ་བཙུགས་ཏེ་རྒྱུད་བཟང་བ་མོའི་ཁྱད་ཆོས་དང་། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་མཆེད་སྐབས་སྔོན་འགོག་དང་ཚོད་འཛིན། ཚན་རིག་དང་མཐུན་པའི་གསོ་ཚགས་དོ་དམ་ཇི་ལྟར་བྱ་ཚུལ་སོགས་ཀྱི་འབྲེལ་ཡོད་ལག་རྩལ་མང་ཚོགས་ལ་འགྲེལ་བཤད་བརྒྱབ་ཡོད།
བ་མོ་རྩིས་སྤྲོད་པའི་ལྷུ་ཚིགས་སུ། ཡུལ་མིས་ཆང་ཕུད་དང་གྲོ་སོ་ཕྱེ་མར་ཁྱེར་ནས་དགའ་སྤྲོའི་སྨོན་འདུན་ཞུ་བའི་ཁྲོད་རྒྱུད་བཟང་བ་མོར་ཁ་བཏགས་གཡོགས་ཤིང་། ཡུལ་མི་བཀྲ་ཤིས་ནོར་བུ་ནི་དེ་བས་དགའ་སྤྲོ་ཆེན་པོས་སྤུ་མདོག་ལེགས་པའི་རྒྱུད་བཟང་བ་མོ་གཉིས་ཁྲིད་ནས་ཕྱིན། ཁོང་གིས“བ་མོ་འདི་གཉིས་ལ་ཁྱོན་སྒོར་ཁྲི་2.2རི་ཡང་། ད་རེས་བ་མོ་རེར་ཁ་གསབ་སྒོར་8300རག་པས་གྱོང་མི་འདུག དེ་སྔོན་རྒྱུད་འདྲེས་བ་མོ་གཅིག་ལས་ཉིན་རེར་འོ་མ་ཐོན་ཚད་རྒྱ་མ་ཁ་ཤས་ལས་མ་ཟིན་ཡང་། ད་ཆ་རྒྱུད་བཟང་བ་མོ་ལས་ཉིན་རེར་འོ་མ་ཐོན་ཚད་རྒྱ་མ་20ལྷག་ཙམ་གྱིས་མང་བ་ཡོད་པས་ལོ་གཅིག་ལ་ཡོང་སྒོ་ལྡབ་འཕར་ཡོང་བ་འདུག”ཅེས་མཛུབ་རྩིས་རྒྱག་བཞིན་བཤད། ཉེ་འཁོར་གྱི་ཡུལ་མིས་ཀྱང་འབྱུང་འགྱུར་གསོ་ཚགས་ཀྱི་འཆར་གཞིའི་སྐོར་གཅིག་རྗེས་གཉིས་མཐུད་ངང་གླེང་ནས་ས་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པོར་གྱུར།
བསམ་གྲུབ་རྩེ་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར། ཞིང་འབྲོག་མང་ཚོགས་ལ་ཕྱུགས་ཁྱུའི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། བཤས་གཏོང་བར་བརྟེན་ནས་ཕྱུགས་རིགས་རྒན་འཁོགས་དང་། བེའུ་སྐྱེ་རྒྱུ་མེད་པ། རྒྱུད་འདྲེས་དག་བརྗེས་ནས་ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་བཅོས་བྱས་ཏེ་ཕྱུགས་རིགས་ཐོན་རྫས་སུ་འགྱུར་ཚད་མང་དུ་བཏང་ནས་ཐོན་ལས་དང་པོའི་ཐོན་སྐྱེད་རིན་ཐང་མཐོར་གཏོང་དང་མང་ཚོགས་ཀྱི་ཚོང་གཉེར་རང་བཞིན་གྱི་ཡོང་འབབ་མང་དུ་འགྲོ་བར་མུ་མཐུད་སྐུལ་འདེད་བཏང་སྟེ། བསམ་གྲུབ་རྩེ་ཆུས་ཀྱི་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་སྣོན་རྒྱུར་མུ་མཐུད་ལྕག་སྐུལ་དང་སྣེ་ཁྲིད་བྱེད་ཀྱི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།