དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དཔལ་སྡིངས་སློབ་ཆུང་།

    “ལོ་རབས་གསུམ”གྱི་ཟ་ཁང་ལས་འགྱུར་ལྡོག་ཆེན་པོ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-22

    “ནང་གི་ལྟོ་ཆས་ཞིམ་པ་འདུག་གམ། ཡང་ན་སློབ་གྲྭའི་ལྟོ་ཆས་ཞིམ་པ་འདུག”ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དཔལ་སྡིངས་སློབ་ཆུང་གི་ཞའོ་ཀྲང་ཝང་ཁྲེང་ཀུང་གིས་ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པའི་སློབ་མ་སྐར་མ་བསོད་ནམས་རིན་ཆེན་ལ་དེ་ལྟར་དྲིས།

    “སློབ་གྲྭའི་ལྟོ་ཆས་ཞིམ་པ་འདུག”ཅེས་སྐར་མ་བསོད་ནམས་རིན་ཆེན་གྱིས་དགོད་འཚེར་འཚེར་ངང་ལན་བཏབ། ལྟོ་ཆས་བླུག་མཁན་ཨ་ཅག་ལགས་སེམས་རྩལ་འཁོལ་བ་དང་སློབ་གྲྭའི་ལྟོ་ཆས་སྣ་ཁ་འཛོམས་ཤིང་། མ་གཞི་མཉམ་སྡེབ་ཟ་ཁང་ཡིན་ནའང་མ་བྱན་གྱིས་ཉིན་ལྟར་ལྟོ་ཆས་མི་འདྲ་བ་བཟོ་གི་ཡོད།

    2006ལོའི་གོང་། དཔལ་སྡིངས་སློབ་ཆུང་ནི་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་ཧའེ་ས་ལྟེ་བའི་སློབ་ཆུང་གི་སློབ་ཁྲིད་ས་ཚིགས་ཤིག་ཡིན་ཞིང་། སྐབས་དེ་དུས་ཀྱི“ཟ་ཁང”ནི“ཐབ་ཚང”ཐབ་ཆག་གཅིག་དང་འདྲ་པོ་ཡོད། དཔལ་སྡིངས་སློབ་ཆུང་གི་དགེ་རྒན་རྒན་གྲས་དང་ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོའི་བོད་ཡིག་དགེ་རྒན་ལྷག་སྒྲོན་གྱིས“ཉིན་དགུང་ཇ་སྐོལ་ས་ཞིག་ལས་གཞན་གང་ཡང་མེད། དགེ་རྒན་གྱི་ཟ་ཁང་དང་སློབ་མའི་ཟ་ཁང་ཞེས་དབྱེ་བ་ཕྱེ་མེད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དགུ་བཅུར་དགེ་རྒན་དང་སློབ་མ་ཚང་མས་སོ་སོའི་ཁྱིམ་ནས་ལྟོ་ཆས་འཁྱེར་ཡོང་གི་ཡོད། ཕྱིས་སུ་ཇ་སྐོལ་སའི་ཁང་པ་ཆུང་ཆུང་འདི་ཉེན་ཡོད་ཁང་པར་གྱུར་པས། དེ་གར་བཅར་ནུས་མཁན་མེད”ཅེས་དྲན་གསོ་བྱེད་བཞིན་དུ་བརྗོད།

    2006ལོར། དཔལ་སྡིངས་སློབ་ཆུང་དེ་ཆ་ཚང་སློབ་ཆུང་ཞིག་ཏུ་བཙུགས་པ་དང་བསྟུན་ནས་སློབ་གྲྭའི་ཟ་ཁང་ཐོག་མ་དེ་སྐྲུན་ཟིན་ཞིང་། དེ་ཡང་དགེ་སློབ་100གཤོང་ཙམ་གྱི་ས་རྡོའི་རྐྱང་ཐོག་ཁང་པ་ཞིག་ཡིན་པ་དང་ཕོར་པ་དང་ཐུར་མ་སློབ་མ་སོ་སོས་ཁྱེར་ཡོང་དགོས་ཀྱི་ཡོད།

    2015ལོའི་སྔ་ནུབ་ཏུ་སློབ་གྲྭས་ཟ་ཁང་ཐོག་མ་དེའི་རྒྱབ་ངོས་སུ་ཐེངས་གཉིས་པར་ཨར་འདམ་ལྕགས་རྩིགས་མའི་ཉིས་ཐོག་ཟ་ཁང་ཞིག་བརྒྱབ་པ་མ་ཟད། སྒྲིག་ཆས་ཆ་ཚང་པོ་བཀོད་སྒྲིག་ཀྱང་བྱས་ཡོད་པས། ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད། 2019ལོར། ལྟོ་ཆས་བཟའ་མཁན་སློབ་མ་མང་དུ་འགྲོ་བའི་དགོས་མཁོ་སྐོང་ཆེད། སློབ་གྲྭས་ཟ་ཁང་གཉིས་པ་དེའི་རྒྱབ་ངོས་སུ་སླར་ཡང་དེང་རབས་ཅན་གྱི་ཟ་ཁང་གསུམ་ཐོག་ཞིག་བརྒྱབ་པ་རེད། སྐབས་དེ་དུས་ཟ་ཁང་ཐོག་མ་དེ་བཤིག་པ་དང་ཟ་ཁང་གཉིས་པ་དང་གསུམ་པའི་བར་ཁྱམས་ཕན་ཚུན་སྦྲེལ་ནས་དགེ་སློབ་ཚོར་སྟབས་བདེ་བསྐྲུན་ཡོད།

    ད་ཆ་སློབ་གྲྭའི་ཟ་ཁང་ནང་སྐྱོད་སྐབས། སྒྲོག་ཙེ་དང་རྐུབ་སྟེགས་རིང་པོ་གྲལ་འགྲིག་ལ་གཙང་སྦྲ་དོད་ཅིང་། དཀར་གཙང་གི་གྱང་ངོས་སུ་དྲོད་རླངས་ལྕགས་ལེབ་བསྒར་ཡོད་པ་དང་ཁང་པའི་ཐོག་སྟེང་གི་མཛེས་རྒྱན་ཤིན་ཏུ་ལྟ་སྣང་དོད། ཕྱི་གསལ་ནང་གསལ་གྱི་ཐབ་ཚང་ཇུས་འགོད་བྱས་པ་ལས་གཟའ་འཁོར་གཅིག་གི་ཚལ་ཐོ་དང་། ཕོར་འཁྲུའི་འཕྲུལ་ཆས། དུག་སེལ་འཕྲུལ་ཆས། སྟེང་དུ་བཀལ་བའི་བརྙན་འཕྲིན། མ་དཔེ་འཇོག་སྒམ་སོགས་སྒྲིག་བཀོད་ཚང་མ་གསལ་པོར་མཐོང་ཐུབ། སློབ་གྲྭས་གཅིག་གྱུར་དུ་ཉོས་པའི་ཕོར་པ་དང་། ཐུར་མ། སྡེར་མ་སོགས་གྲལ་འགྲིག་པོས་དུག་སེལ་སྒམ་ནང་བཅུག་ཡོད་པ་དང་ཟ་ཁང་གི་ཁོར་ཡུག་གཙང་སྦྲ་དོད་ལ་སྐྱིད་སྣང་དང་ལྡན་པ་ཞིག་ཡོད།

    ཟ་ཁང་གི་དོ་དམ་ཡང་ཤིན་ཏུ་ཚད་དང་ལྡན་ཞིང་། འདོན་འཇུག་མཛོད་ཁང་དང་། སློབ་གྲྭའི་འགོ་ཁྲིད་ཀྱི་ལྟོ་ཆས་བཀོད་སྒྲིག “འགོག་གསུམ” ཁྲུད་སེལ། མ་དཔེ་ཉར་འཇོག་སོགས་སྒྲིག་སྲོལ་ལམ་ལུགས་ཆ་ཚང་ཡོངས་བསྒྲགས་བྱས་འདུག སློབ་གྲྭས་ད་དུང་ཁྱིམ་བདག་གི་བཟའ་བཅའི་ཨུ་ཡོན་ལྷན་ཁང་བཙུགས་ནས་དུས་བཀག་ཐོག་ཁྱིམ་བདག་སློབ་གྲྭའི་ལྟོ་ཆས་བཟོ་བའི་བརྒྱུད་རིམ་དང་ཁ་ལག་གི་སྤུས་ཚད་ལ་ལྟ་སྐུལ་བྱེད་པར་གདན་དྲངས་ཡོད། ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པའི་ཁྱིམ་བདག་ཕུན་ཚོགས་ཀྱིས་ལྟ་སྐུལ་བྱས་རྗེས“སློབ་གྲྭའི་ལྟོ་ཆས་ཧ་ཅང་ཡག་པོ་འདུག ཕྲུ་གུས་སློབ་གྲྭའི་ཟ་ཁང་ནས་ལྟོ་ཆས་བཟས་ན་བློ་བདེ་པོ་འདུག”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    དཔལ་སྡིངས་སློབ་ཆུང་ལ་མིག་སྔར་སློབ་ཁྲིད་འཛིན་གྲྭ་17དང་སློབ་མ་763ཡོད་པའི་ནང་སློབ་མ་619ཡིས་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་ཀྱི་ཡོད། “82%ནས་85%བར་གྱི་‘འགན་ལེན་གསུམ’གྱི་གྲོན་དངུལ་སློབ་མའི་ལྟོ་རིན་ལ་སྤྱོད་ཀྱི་ཡོད། དེ་སྔོན་དམར་ཟས་གཉིས་དང་དཀར་ཟས་གཅིག་ཡིན་པ་དང་། ད་ཆ་དམར་ཟས་གསུམ་དང་དཀར་ཟས་གཅིག་དང་། ཐང་གཅིག ཤིང་འབྲས་སྣ་ཁ་གཅིག་བཅས་ཡོད་པའི་ཁར། ད་དུང་འབྲས་སམ་མོག་མོག་སོགས་སྣ་ཁ་འཛོམས་པས། ཚད་གཞི་མཐོ་རུ་ཕྱིན་ཡོད”ཅེས་ཝང་ཁྲེང་ཀུང་གིས་ངོ་སྤྲོད་བྱས།

    ཏང་ཀྲུང་དབྱང་གིས་བོད་ལ་ཐུཌ་ཁུར་གཟབ་བཞེས་གནང་ནས་བོད་ཀྱི་སློབ་གསོར་ལག་བསྟར་བྱེད་པའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་ཤིག་ཡིན་པའི“འགན་ལེན་གསུམ”གྱི་སྲིད་ཇུས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་འགན་ལེན་གྱི་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། 2025ལོའི་སྟོན་ཁའི་སློབ་དུས་ནས་བཟུང་། ལྗོངས་ཡོངས་ཀྱི་སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་ལོ་ལྟར་སློབ་མ་རེར་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་80སྤར་རྗེས་སྒོར་5700(གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་གྲོན་དངུལ་སྒོར་1000ཚུད་པ)ཟིན་པ་འདི་ནི་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་ཚུན་ཚད་གཞི་མཐོ་རུ་གཏོང་ཐེངས་22དེ་རེད། 2025ལོར། རང་ལྗོངས་ཀྱིས་ཁྱོན“འགན་ལེན་གསུམ”གྱི་མ་དངུལ་སྒོར་དུང་ཕྱུར་33.64བཀོད་སྒྲིག་དོན་འཁྱོལ་བྱས་པར་སློབ་མ་ཁྲི་72.61ལ་ཕན་པ་ཐོབ་ཡོད།

    དཔལ་སྡིངས་སློབ་ཆུང་གི་སློབ་མའི་ལྟོ་དུས་གསུམ་གྱི་འགྱུར་ལྡོག་ནི་རྒྱལ་ཁབ་ཀྱི་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལས་བྱུང་བ་ཞིག་ཡིན་ལ། སློབ་གསོའི་ལས་དོན་པས་ལྷད་མེད་བརྩེ་སེམས་བཅངས་པའི་འབྲས་བུའང་རེད། དཔལ་སྡིངས་སློབ་ཆུང་གི་སློབ་མའི་ལྟོ་དུས་གསུམ་གྱི་འགྱུར་ལྡོག་ནི་བོད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ལོ་རབས་གསུམ་གྱི་ཟ་ཁང་ལས་སློབ་གྲྭ་འདི་ཉིད་ཐབ་ཆག་ནས་དེང་རབས་དང་། ཉམས་ཞན་ནས་སྟོབས་འབྱོར་བར་གྱི་མཆོང་སྐྱོད་བྱུང་བར་དཔང་པོ་བྱས་ཡོད་ལ། རྒྱལ་ཁབ་ཀྱིས་མེས་རྒྱལ་མཐའ་མཚམས་ཀྱི་སློབ་གསོའི་བྱ་གཞག་ལ་ཐུགས་ཁུར་གཟབ་བཞེས་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དེ་བས་ཀྱང་མཚོན་ཐུབ། དྲོ་འཇམ་ཉི་འོད་དང་གཉིས་སུ་མེད་པའི་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལས་གངས་ལྗོངས་ས་མཐོའི་ཤེས་བྱ་རིག་པའི་གནས་ལ་འབད་བཞིན་པའི་བུ་ཕྲུག་གྲངས་ལས་འདས་པར་མདུན་སྐྱོད་ཀྱི་མུན་པ་སེལ་བ་དང་། ནམ་མཁའི་སྐར་ཚོགས་དང་གཉིས་སུ་མེད་པའི་སློབ་གསོའི་ལས་དོན་པས་སྒེར་སེམས་སྤུ་ཙམ་ཡང་མེད་པར་སེམས་ནུས་ཡོད་རྒུ་བཏོན་ནས་བོད་ཀྱི་སློབ་གསོ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བར་འབད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།