ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་བ།
མང་ཚོགས་ཀྱི“གནད་དོན་གསལ་ཐོ”དེ“བློ་ཡིད་ཚིམ་པའི་རྒྱུགས་ལན”ལ་འགྱུར་བར་བྱས་པ།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་སློབ་སྦྱོང་བགྲོ་གླེང་དང་། གནད་དོན་བཤེར་འདོན། མང་ཚོགས་ལ་ཞབས་ཞུ་སོགས་ཀྱི་ཐད་ནས་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་རང་རྟོགས་ངང་སྒྲིག་བཀུར་སྒྲིག་སྲུང་དང་བློ་ཁོག་ཆེན་པོས་ལས་སྒྲུབ་ལས་གཏོད་བྱེད་པར་ཁྲིད་སྟོན་བྱས་པ་རེད།
ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འདི་ལོ་ཚུན་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ལ་བརྩིས་ནས“སྦྱོང་བཤེར་བཅོས་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་ནས་སློབ་སྦྱོང་གི་ནང་དོན་ཞིབ་ཚགས་བདམས་པ་བརྒྱུད། 《ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པའི་ཕན་འབྲས་དང་ཉམས་མྱོང》དང《གཏན་འབེབས་དོན་ཚན་བརྒྱད་ལས་ཀྲུང་གོར་འགྱུར་ལྡོག་བྱུང་བ》
དེ་བཞིན་གསར་དུ་བཟོ་བཅོས་བརྒྱབ་པའི《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་བསྲི་ཚགས་བྱས་ནས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》སོགས་གཅིག་སྡུད་སློབ་སྦྱོང་གི་ཁྱབ་ཁོངས་སུ་བཅུག་ཡོད། སློབ་སྦྱོང་བྱེད་རིང་། ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས་འགག་སྒོ་ལས་ཁུངས་ཀྱི་ལས་ཀའི་དོན་དངོས་ལ་དམ་པོར་དམིཌ་ནས་སྤེལ་རེས་གཏིང་ཟབ་བྱས་ཏེ་གྲུབ་འབྲས་གླེང་བ་དང་། ལས་གནས་དང་ཟུང་འབྲེལ་བྱས་ནས་མྱོང་ཚོར་གླེང་བ། གནད་དོན་ལ་དམིགས་ཏེ་མི་འདང་ས་འཚོལ་བཤེར་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད་པ་རེད།
ལྷ་ས་འགག་སྒོ་ལས་ཁུངས་འགག་སྒོའི་ལོ་རྒྱུས་ཁང་གི“རྒྱལ་མཚམས་མཛད་རྗེས་རྡོ་རིང”འགྲེམས་ཁུལ་དུ། གཞིས་རྩེ་འགག་སྒོ་ལས་ཁུངས་ཀྱི་ཀོན་ཀྲང་ཐོག་མ་ཀྲེན་དབྱི་པོས་ལོ་20ཡི་རིང་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་ལས་གནས་བརྟན་སྲུང་གིས་ལེགས་སྐྱེས་ཕུལ་བའི་མི་སེམས་འགུལ་བའི་བྱས་རྗེས་ལས་ཆོས་སྐྱིད་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས“གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་ཀྱི་ཐོག་ནས་ཀོན་ཀྲང་རྒན་གྲས་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ང་ཚོར་མིག་དཔེ་བཟང་པོ་བཏོན་ཡོད”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད། ཉེ་འགྲམ་གྱི་མིག་དཔེའི་སྟོབས་ཤུགས་དེ་རིགས་ཀྱིས་འགག་སྒོ་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཡོངས་ལ་ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་འཁུར་རྒྱུར་ལྕག་སྐུལ་བྱེད་བཞིན་ཡོད་པ་རེད།
ལས་སྒོ་སྒྲུབ་རིང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་སློབ་སྦྱོང་སློབ་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད“ཕྱོཌ་གཉིས་ནས་དམ་འཛིན་དང་སྐུལ་འདེད་གཏོང་རྒྱུ”མཐའ་འཁྱོངས་བྱས་ཏེ། བརྟག་དཔྱད་བྱེད་སྲོལ་རབ་ཏུ་དར་བར་བྱས་ནས་སྒོ་དབྱེའི་སློབ་གསོར་མཐོང་ཆེན་བྱས་ཡོད། མང་ཚོགས་ཀྱི་འབོད་སྒྲ་ཐོགས་པ་མེད་པར་གོང་རིམ་དུ་འབྱོར་བ་བྱ་ཆེད། འགག་སྒོ་ལས་ཁུངས་ཀྱིས་དྲ་སྦྲེལ་གྱི་གཙོ་ངོས་དང་འགག་སྒོ་ལས་ཁུངས་ཀྱི་དོན་སྒྲུབ་སྐར་ཁུང་དུ་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་སྟངས་ཁྱབ་བསྒྲགས་བྱས་པ་དང་། “12360”ཞབས་ཞུའི་ཐད་སྦྲེལ་ཁ་པར་དང་། འགག་སྒོ་ལས་ཁུངས་ཀྱི་སྲིད་དོན་ཞབས་ཞུའི“གདེང་འཇོག་བཟང་ངན”མ་ལག དམིགས་བསལ་གདན་ཞུས་ལྟ་སྐུལ་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་རུབ་རྒྱ་ཁྱབ་བྱས་ནས་ལས་ཀའི་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་རེད།
ཉིང་ཁྲིའི་ཀ་ལ་གྲོང་ཚོར་འགག་སྒོ་ལས་ཁུངས་ཀྱི་ལས་དོན་པ་དང་མང་ཚོགས་མཉམ་དུ་བསྡད་ནས་བཞུགས་མོལ་སྤེལ་རེས་གཏིང་ཟབ་བྱས་ཡོད། ཁོང་ཚོས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་གི་དགོས་མཁོ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་ཀ་ལ་གྲོང་ཚོར་ཁྱད་པར་ཅན་འཕེལ་རྒྱས་ཀྱི་དགེ་མཚན་ཆེ་རིགས་འདོན་པར་ཐབས་དང་ཇུས་བཏོན་ཡོད། ཉིང་ཁྲིའི་འགག་སྒོ་ལས་ཁུངས་ཀྱི་ཀོན་ཀྲང་ཝང་ཚུན་རུའེ་ཡིས“འགག་སྒོ་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་ཁེ་ལས་ལ་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རོགས་དང་། ཁྲོམ་རའི་བར་མཐོངས་རྒྱ་ཆེར་གཏོང་རོགས། ཉིང་ཁྲིའི་ཁྱད་ལྡན་ཐོན་རྫས་ས་མཐོ་དང་འཛམ་གླིང་ལ་འཚོང་བར་སྐུལ་འདེད་གཏོང་རོགས། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་རོགས་བཅས་བྱས་ནས་ཉིང་ཁྲིའི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལ་རམ་འདེགས་བྱེད་ཀྱི་ཡིན”ཞེས་བརྗོད།
འདི་ལོའི་ལོ་སྟོད་དུ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་ལྷ་ས་འགག་སྒོ་ལས་ཁུངས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འགག་སྒོ་ལས་ཁུངས་ཀྱིས་ཉིང་ཁྲིའི་ཀུ་ཤུ་ཕྱིར་གཏོང་ལ་ཞབས་ཞུ་དང་འགན་སྲུང་ཧུར་ཐག་བྱས་ཤིང་། ཕྱིར་གཏོང་དངུལ་འབོར་སྒོར་ཁྲི་109.82ཟིན་པ་དེ་དུས་མཚུངས་ལས་159%འཕར་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་ཁ་ཆེ་ཤ་སྐམ་ཡང་ཕྱིར་གཏོང་ཐེངས་དང་པོ་ཐུབ་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།
སློབ་སྦྱོང་སློབ་གསོ་སྤེལ་ཚུན། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཕྱིར་གཏོང་ནང་འདྲེན་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་འགག་སྒྲོལ་སྟབས་བདེ་ཅན་དང་། མཐའ་མཚམས་ཚོང་དོན། ཟོག་འགྲེམས་སྐྱེལ་འདྲེན་སོགས་ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་དཀའ་གནད་དང་འགག་གནད་ལ་དམིགས་ནས་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་སྲིད་ཇུས་གསལ་འགྲེལ་གནད་འཁེལ་བྱས་ཡོད། གསེད་བཀྲོལ་བྱས་པ་བརྒྱུད། ས་མཐོའི་མཐའ་མཚམས་འགག་སྒོ་ལས་ཁུངས་ཀྱིས་ཁེ་ལས་དང་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་དཀའ་གནད་བསལ་བའི་དཔེ་མཚོན་10ཆགས་ནས་མང་ཚོགས་ཀྱི“གནད་དོན་གསལ་ཐོ”དེ“བློ་ཡིད་ཚིམ་པའི་རྒྱུགས་ཤོག”ལ་དངོས་འབྲེལ་གྱུར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།