ཞིང་རྟེན་འབྲུ་གསོག་དང་། སོན་བཟང་སྐྱེད་སྲིང་། འཁོར་འབྲེལ་མང་འདུས།
ཧོ་ནན་གྱིས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ནན་པོ་འཁུར་བ།
འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་ལོ་ལྟར་མུའུ་དུང་ཕྱུར་1.6ཡན་རྒྱུན་འཁྱོངས་བརྟན་པོ་ཐུབ་པ་དང་། འབྲུ་རིགས་ཀྱི་ཐོན་འབབ་ལོ་བརྒྱད་བསྟུད་མར་རྒྱ་མ་དུང་ཕྱུར་1300ཡན་བརྟན་པོ་བྱུང་བ། ལོ་ལྟར་མ་བཅོས་འབྲུ་རིགས་དང་ཐོན་རྫས་རྒྱ་མ་དུང་ཕྱུར་600ཡན་ས་ཁུལ་གཞན་དུ་གཏོང་འདྲེན་བྱེད་པ་ལ་སོགས་རེད།
འབྲུ་རིགས་ཐོན་སྐྱེད་ནི་ཧོ་ནན་གྱི་ལེགས་ཆ་ཡིན་པས་དུས་གང་ཞིག་ཡིན་རུང་འདོར་མི་རུང་།
འདི་ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས“རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། དེང་རབས་ཞིང་ལས་ཐོན་ལས་ཀྱི་འཁོར་འབྲེལ་སྣུར་སྲིང་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་ཁྲིད་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད། 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཧོ་ནན་འདི་ཉིད་ཞིང་ལས་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ཆ་ནས་ཞིང་ལས་དང་ལྷག་པར་དུ་འབྲུ་རིགས་ཐོན་སྐྱེད་ཀྱིས་རྒྱལ་ཡོངས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད”ཅེས་གསུངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཐད། ཧོ་ནན་གྱིས་འབྲུ་རིགས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པར་དམ་འཛིན་བརྟན་པོ་བྱེད་པ་དང་། ཞིང་ལས་ཀྱི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་བྱེད་པ། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་བཅས་བྱས་ཏེ་ཞིང་ལས་སྟོབས་ཆེན་གྱི་ཞིང་ཆེན་འཛུགས་སྐྲུན་མགྱོགས་པོ་བྱས་ཡོད།
རྨ་ཆུའི་འགྲམ་ནས་ཧོའེ་ཧོ་གཙང་པོའི་འགྲམ་བར་དང་། ཧོ་ནན་ཤར་རྒྱུད་ཀྱི་ཐང་གཤོངས་ནས་ཧོ་ནན་ནུབ་རྒྱུད་ཀྱི་རི་མ་ཐང་བར་ཀྲུང་ཡོན་གྱི་མུ་མེད་ཞིང་ཐང་གི་གསེར་མདོག་ཅན་གྱི་ལོ་ཏོག་ཚང་མ་བརྔས་ཟིན་ནས་ཧོ་ནན་གྱི་དབྱར་བསྡུ་ལེགས་གྲུབ་བྱུང་བ་དང་། རིམ་རྩིས་བརྒྱབ་ན་གྲོ་མུའུ་ཁྲི་8500ལྷག་ཙམ་བསྡུས་ཡོད། ཧོ་ནན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་སུན་ཝེ་ཧྥུང་གིས“བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་ཐན་སྐྱོན་གྱི་ཤུགས་རྐྱེན་ངན་པར་ཁ་གཏད་བཅག་པས། འདི་ལོའི་ཧོ་ནན་གྱི་དབྱར་འབྲུའི་སྤྱིའི་ཐོན་འབབ་རྒྱ་མ་དུང་ཕྱུར་750.01ཟིན་ནས་ཐོན་འབབ་བརྟན་ཅིང་ལོ་ལེགས་བྱུང་ཡོད”ཅེས་བརྗོད།
ཧོ་ནན་གྱིས་ཞིང་བརྟེན་འབྲུ་གསོག་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ས་ཞིང་ཞིང་ས་གཤིན་པོར་འགྱུར་བར་བྱས་ནས་ཐོན་འབབ་ཡག་པོ་ཡོང་བར་བྱས་ཡོད། 2022ལོ་ནས་བཟུང་ཧོ་ནན་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་8300ལྷག་ཙམ་སྐྲུན་པའི་རྨང་གཞིའི་ཐོག་འཛུགས་སྐྲུན་ཚད་ལྡན་ཅན་དང་། སྒྲིག་ཆས་དེང་རབས་ཅན། བཀོལ་སྤྱོད་རིག་ནུས་ཅན། གཉེར་སྐྱོང་གཞི་ཁྱོན་ཅན། དོ་དམ་ཚད་ལྡན་ཅན། ཁོར་ཡུག་སྐྱེ་ཁམས་ཅན་བཅས་ཀྱི“ཅན་དྲུག”གི་བླང་བྱ་གཞིར་བཟུང་ཚད་གཞི་མཐོ་བའི་ཞིང་ཁའི་དཔེ་སྟོན་ཁུལ་ཁག་གཅིག་བསྐྲུན་པ་དང་མུའུ་རེར་ཆ་སྙོམས་མ་དངུལ་སྒོར་3000ཡན་བཏང་ཡོད།
འཛུགས་སྐྲུན་ཡག་པོ་བྱེད་དགོས་ལ་དེ་བས་གཡོག་བྱེད་ཡག་པོ་བྱེད་དགོས། ཧོ་ནན་གྱིས་མི་ཁྲི་10ཙམ་གྱི་ཚད་གཞི་མཐོ་བའི་ཞིང་ཁ་གཡོག་བྱེད་ཀྱི་དཔུང་ཁག་བཙུགས་པ་དང་། ཞིང་ཆེན་ནོར་སྲིད་ཀྱིས་ལོ་ལྟར་གཡོག་བྱེད་བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱེད་ཀྱི་ཡོད། “ང་ཚོས་ད་དུང་ཡུལ་བབ་དང་བསྟུན་ནས་ཕན་པ་ཐོབ་པའི་བྱེད་པོའི་རང་བདག་ཅན་གྱི་གཡོག་བྱེད་དང་། མཉམ་སྡེབ་རྩ་འཛུགས་ཀྱི་དྲ་མིག་ཅན་གྱི་གཡོག་བྱེད། ལས་རིགས་ལས་ཁུངས་ཀྱི་ཆེད་ལས་ཅན་གྱི་གཡོག་བྱེད། འགན་བཅོལ་ལས་ཁུངས་ཀྱི་ཁྲོམ་ར་ཅན་གྱི་གཡོག་བྱེད་སོགས་དཔེ་མཚོན་གྱི་གཡོག་བྱེད་བྱེད་སྟངས་ཁྱབ་གདལ་བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་རམ་འདེགས་བྱེད་ཀྱི་ཡོད”ཅེས་ཧོ་ནན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ཞིང་ཁ་འཛུགས་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དབྱང་ཀོང་ཡུས་ཀྱིས་ངོ་སྤྲོད་བྱས།
སོན་ནི་ཞིང་ལས་ཀྱི་སྲོག་རྩ་ལྟ་བུ་རེད། སོན་བཟང་ལ་བརྟེན་ནས་ཐོན་འབབ་ཡོང་བར་བྱེད་པར་ཧོ་ནན་གྱིས་སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ནས་2024ལོར་སོན་སྣ་ཁ་10རྒྱལ་ཡོངས་ཀྱི་གཙོ་ཁྲིད་སོན་ལ་བདམས་པ་རེད། མིག་སྔར། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ལོ་ཏོག་གཙོ་བོའི་སོན་བཟང་ཁྱབ་ཚད་97%ལྷག་ཙམ་ཟིན་པ་དང་། སོན་བཟང་གིས་འབྲུ་རིགས་ཐོན་འཕར་ལ་ལེགས་སྐྱེས་འབུལ་ཚད་45%ལྷག་ཙམ་ཟིན་ཡོད། ལོ་རེར་གྲོ་སོན་རྒྱ་མ་དུང་ཕྱུར་36ཐོན་པ་དེས་རྒྱལ་ཡོངས་ཀྱི་38%ཙམ་བཟུང་ཡོད།
ཤིན་ཤང་གྲོང་ཁྱེར་དུ་གནས་པའི་ཀྲུང་ཡོན་ནུང་ཀུའུ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཀྲུང་ཡོན་ཞིབ་འཇུག་ལྟེ་གནས་སུ་སྐྱོད་སྐབས་གྲོ་སྙེ་རེ་རེའི་འབྲུ་རྡོག་ཆེ་ལ་སྙེ་རིམ་གྲལ་སྟར་འགྲིག
དེ་ནི་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ལོ་ཏོག་ཚན་རིག་ཞིབ་འཇུག་ཁང་གི་ལི་ལི་ཧུའེ་ཚོགས་པས་གསར་དུ་གཏོད་པའི“གྲོ་དང་རྩྭ་གྲོའི”རྒྱུད་འདྲེས་སོན་བཟང་རེད། “མིག་སྔར་སྣ་ཁ་གསར་པ་18དང་གྲབས་གསོག་སྣ་ཁ་གསར་པ་39གསོ་སྤེལ་ཐུབ་ནས་རྒྱལ་ཡོངས་ཀྱི་སོན་གསོའི་ཚན་པ་100ལྷག་ཙམ་ལ་སྤྱོད་ཀྱི་ཡོད”ལི་ལི་ཧུའེ་ཡིས་གྲོ་སྙེ་ཞིག་ལག་ཏུ་བཟུང་ནས“གྲོ་དང་རྩྭ་གྲོ་རྒྱུད་འདྲེས་པ་ལས་ཐོན་འབབ་མཐོ་བའི་ཁར་ད་དུང་ནད་དང་གནོད་འབུ་འགོག་པའི་ནུས་པ་ཡང་ཆེན་པོ་ཡོད”ཅེས་བརྗོད།
སོན་བཟང་ལ་ཐབས་བཟང་སྤྱད་པ། ཧོ་ནན་གྱིས་ད་དུང་སྣ་ཁར་གཞིགས་ནས་འདེབས་འཛུགས་དུད་ཚང་ལ་འཚམ་པའི་འདེབས་འཛུགས་ལག་རྩལ་གྱི་ཇུས་གཞི་བཟོས་ཏེ། ཁུལ་དང་རིགས་དབྱེ་བ་དང་། གནད་སྨིན་ཞབས་འདེགས་ཞུ་བ། བརྒྱུད་རིམ་ཧྲིལ་པོར་རྗེས་སྙེགས་བཅས་བྱས་ནས་ཐོན་འབབ་མཐོ་པོ་ཡོང་བའི་འགན་ལེན་བྱས་ཡོད། ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་རིམ་བཞིན་མཐོ་རུ་ཕྱིན་ཏེ་ཧོ་ནན་གྱི་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
གྲོ་རྡོག་གཅིག་ལས་གྲོ་ཞིབ་སྣ་ཁ་ག་ཚོད་ཐོན་ནམ་ཟེར་ན།
སྔོན་ཐོན་གྱི་ལག་ཤེས་སྒྱུ་རྩལ་ལ་བརྟེན་ན་ཡན་ཅིན་གྲོའི་གྲོ་རྡོག་གཅིག་ལས་གྲོ་ཞིབ་སྣ་ཁ་120ལྷག་ཙམ་ཐོན་ཐུབ།
“འབྲུ་མཛོད་ཆེན་པོ”ནས“ཐབ་ཚང་ཆེན་པོའི”བར་དང་དེ་ནས“ཟས་ལྕོག་ཆེན་པོའི”བར། ཧོ་ནན་གྱིས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཞིང་ལས་ཐོན་ལས་ཅན་གྱི་ཁེ་ལས་སྣེ་འདྲེན་དུ་བྱེད་པ་དང་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་ཁ་ཕྱོགས་སུ་བྱས་ནས”“ཐོན་སྐྱེད་དང་། ཉོ་ཚོང་། གསོག་འཇོག ལས་སྣོན། བྲིན་ཚོང”བཅས་གཞི་གཅིག་ཅན་གྱི་དེང་རབས་བཟའ་བཅའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་བཙུགས་ཡོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་འཆང་བཞིན་ང་ཚོས་འབྲུ་རིགས་བདེ་འཇགས་ཀྱི་དོན་ཆེན་ཨང་དང་པོ་དེར་རྒྱུན་མཐུད་དམ་འཛིན་དང་ཞིང་ལས་ཞིང་ཆེན་སྟོབས་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་རིང་འགན་སེམས་དང་ལས་རྗེས་དེ་བས་ཆེ་བ་མངོན་དགོས”ཞེས་ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ཝང་ཁའེ་ཡིས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།