དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་ཡར་ཀླུང་གཙང་པོ་ཚོགས་པ་ཚད་ཡོད་ཀུང་སི་བཙུགས་པའི་ཚོགས་ཆེན་འཚོགས་པ།

    ཀྲང་གོ་ཆིང་ཕེབས་ནས་ཀུང་སིའི་སྒོ་བྱང་གི་ཡོལ་བ་ཕྱེ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ཡར་ཀླུང་གཙང་པོ་ཚོགས་པ་ཚད་ཡོད་ཀུང་སི་བཙུགས་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་ཕེབས་ནས་ཀུང་སིའི་སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད།

    ཀྲང་གོ་ཆིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཡར་ཀླུང་གཙང་པོ་ཚོགས་པ་ཚད་ཡོད་ཀུང་སི་བཙུགས་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་གནང་བའི་ཐབས་ཇུས་གལ་ཆེན་ཞིག་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་ནུས་རྒྱུའི་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ནས་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་བདེ་བླག་ངང་འཛུགས་སྐྲུན་དང་གཉེར་སྐྱོང་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ཀྲུང་གོ་ཡར་ཀླུང་གཙང་པོ་ཚོགས་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ལས་གྲྭའི་སྒྲིག་འཛུགས་དོ་དམ་དང་འཛུགས་སྐྲུན་ལག་བསྟར་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ་དང་། སྤུས་ཚད་སྔོན་ལ་འཇོག་པ། བདེ་འཇགས་རྩ་བར་འཛིན་རྒྱུ་མཐའ་འཁྱོངས། ཚན་རྩལ་འགག་སྒྲོལ་དང་སྐྱེ་ཁམས་སྲུང་སྐྱོང་ལ་སྣང་ཆེན་བཅས་བྱས་ཏེ་ལོ་རྒྱུས་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཀྱི་ཐོག་ནས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཁེ་ལས་གཉེར་སྐྱོང་དོ་དམ་ལ་དམ་འཛིན་ཡག་པོ་བྱས་ནས་ལས་ཕྱོད་ཆེ་བའི་དོ་དམ་གྱི་སྒྲོམ་གཞི་འཛུགས་པ་དང་། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་བཀོད་འདོམས་བཀོད་གཏོང་གི་མ་ལག་འཛུགས་པ། ལས་གྲྭའི་འཛུགས་སྐྲུན་གྱི་དགོས་མཁོ་དང་མཐུན་པའི་དཔྱད་ཞིབ་ལྕག་སྐུལ་གྱི་ལམ་སྲོལ་དང་དཔུང་ཁག་དོ་དམ་མ་ལག་འཛུགས་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་བྱ་གཞག་སྒྲུབ་པ་དང་ལས་གཏོད་ཀྱི་རྣམ་པ་ཟབ་མོ་གཏོད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀུང་སིའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཕན་ཚུན་གཅིག་གྱུར་བྱེད་པ་དང་། ཀུང་སིའི་ཏང་ཙུའུ་ཡིས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་ཀྱི་ནུས་པ་ཡག་པོ་འདོན་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ཏེ། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་དེ་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐུབ་པའི་དུས་རབས་ཀྱི་ལས་གྲྭ་དང་ཚད་ཤིང་གི་ལས་གྲྭ་ཞིག་ཏུ་གཏོད་དགོས།

    ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་། འབྲེལ་ཡོད་ས་གནས། འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་དང་དེ་བཞིན་རིགས་གཅིག་མཁས་ཅན་དང་ལས་བཟོའི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།