ཀྲུང་ཧྥེའི་ཞིང་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་ བར་རམ་འདེགས་བྱེད་པ།
ཉིན་ཤས་གོང་། ཀྲུང་ཧྥེའི་འབྲས་ཀྱི་རིན་ཐང་འཁོར་འབྲེལ་མཉམ་ལས་བགྲོ་གླེང་ཚོགས་འདུ་སྐབས་ལྔ་པ་དང་ཨ་ཧྥེ་རི་ཁ་ནུབ་མའི་འབྲས་ཀྱི་རིན་ཐང་འཁོར་འབྲེལ་རྣམ་གྲངས་ཕྱོགས་སྡོམ་ཚོགས་འདུ་ཀོང་ཀྲོའུ་རུ་འཚོགས་པ་རེད། ཚོགས་འདུ་དེ་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཕུལ་བྱུང་ལྟེ་གནས་དང་། མཉམ་འབྲེལ་རྒྱལ་ཚོགས་ལྷོ་ལྷོ་མཉམ་ལས་གཞུང་དོན་ཁང་། པིར་ཅེ་མེ་ལིན་ཏ·ཀའེ་ཙེ་ཐེབས་རྩ་ལྷན་ཚོགས། ཨ་ཧྥེ་རི་ཁའི་ལྗང་མདོག་གསར་བརྗེའི་མནའ་འབྲེལ་དང་དེ་བཞིན་ཀྲུང་གོ་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཕྱི་དོན་སི་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་རེད། ཚོགས་ཞུགས་འཐུས་མིས“ཐུན་མོང་ཐོག་དར་རྒྱས་བཏང་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་གཏོད་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། ཨ་ཧྥེ་རི་ཁ་ནུབ་མའི་འབྲས་ཀྱི་རིན་ཐང་འཁོར་འབྲེལ་རྣམ་གྲངས་ཀྱི་ལག་ལེན་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དང་། ཀྲུང་ཧྥེའི་འབྲུ་རིགས་མ་ལག་ཕྱོགས་སྒྱུར་དང་རྒྱུན་མཐུད་ཆོག་པའི་ཞིང་ལས་འཕེལ་རྒྱས་ཀྱི་མཉམ་ལས་ཐབས་ལམ་ལ་དཔྱད་བསྡུར་བྱས་པ་རེད།
2022ལོ་ནས་བཟུང་། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཕུལ་བྱུང་ལྟེ་གནས་ཀྱིས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཨ་ཧྥེ་རི་ཁ་ནུབ་མའི་བཀྲེས་ལྟོགས་དང་འཚོ་བཅུད་མི་འདང་བར་ངོ་རྒོལ་ལྟེ་གནས་དང་མཐུན་སྦྱོར་བྱས་ཏེ། ཁོ་ཐེ་ཏི་ཝོར་དང་ཀི་ནེ་ཡར་ཨ་ཧྥེ་རི་ཁ་ནུབ་མའི་འབྲས་ཀྱི་རིན་ཐང་འཁོར་འབྲེལ་རྣམ་གྲངས་ལག་བསྟར་བྱས་ནས་ས་གནས་དེ་གའི་འབྲས་ཀྱི་རིན་ཐང་འཁོར་འབྲེལ་མཐོར་གཏོང་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་འོག་གི་ཀྲུང་ཧྥེའི་ཞིང་ལས་མཉམ་ལས་གཏིང་ཟབ་ཏུ་བཏང་ཡོད།
ཁོ་ཐེ་ཏི་ཝོར་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་པུའི་ཞིང་ལས་ལག་རྩལ་ཆེ་མོ་བ་ཨཱ་མཱ་ཏུའུ·ཏུའུ་ཨེར་གྱིས། ཁོ་ཐེ་ཏི་ཝོར་ཁོ་ཧོ་ཀེའི་ཕི་ཏི་ཨན་ཀོ་མོང་ཞིང་ལས་ཚོགས་ཆུང་ནི་ཞིང་པ་188ལས་གྲུབ་ཅིང་། སྔོན་མ་ས་གནས་དེ་གའི་ཆུ་འབྲས་འདེབས་འཛུགས་ཐད་ཐོན་འབབ་བཟང་པོ་མེད་པ་དང་ཆུ་འབྲས་གསོག་འཇོག་གི་ཆ་རྐྱེན་ལ་ཚད་བཀག་ཡོད་པ་སོགས་ཀྱི་འགྲན་སློང་མང་པོ་འཕྲད་མྱོང་ཡོད། རྣམ་གྲངས་ལག་བསྟར་བྱས་རྗེས། ཕི་ཏི་ཨན་ཀོ་མོང་ཞིང་ལས་ཚོགས་ཆུང་ལ་འབྲུ་འདོན་འཕྲུལ་འཁོར་དང་། འབྲས་བགྲུས་འཕྲུལ་འཁོར། འཁོར་གསུམ་འདྲུད་འཐེན་འཕྲུལ་འཁོར་སོགས་ཞིང་འཕྲུལ་སྒྲིག་ཆས་རག་པས་ཐོན་འབབ་ཀྱང་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་ཅེས་བཤད།
“འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་དང་ཀྲུང་གོས་ཨ་ཧྥེ་རི་ཁར་ལག་ལེན་བསྟར་བའི་མཉམ་ལས་བྱེད་སྟངས་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། ཀྲུང་གོས་ཞིང་ལས་ལག་རྩལ་གྱི་རྒྱབ་སྐྱོར་བྱས་ནས་ཨ་ཧྥེ་རི་ཁའི་ཞིང་དུད་ལ་རང་བདག་ཐོན་སྐྱེད་རོགས་རམ་བྱས་པ་མ་ཟད། ཞིང་དུད་ཀྱིས་ད་དུང་གོ་ལ་ཧྲིལ་པོའི་ཁྲོམ་རར་མཉམ་ལས་རོགས་ཟླ་འཚོལ་ཆོག་གི་ཡོད། བྱེད་སྟངས་གསར་པ་འདིས་ཨ་ཧྥེ་རི་ཁ་དབུལ་པོའི་གནས་ལས་སྒྲོལ་བར་རོགས་རམ་དེ་བས་ཡག་པོ་ཐུབ་པ་དང་འབྲུ་རིགས་ཐོན་འབབ་ལེགས་སུ་ཕྱིན་ཏེ། བསྟུན་མཁས་རང་བཞིན་གྱི་ཐོན་སྐྱེད་འཁོར་འབྲེལ་དང་རིན་ཐང་འཁོར་འབྲེལ་གཏོད་ཐུབ”ཅེས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཀི་ནེ་ཡ་རྒྱལ་ཁབ་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཞ་ཚུན་ལི་ཧུའེ་ཡིས་བཤད།
རྣམ་གྲངས་ཕྱོགས་སྡོམ་ཚོགས་འདུའི་ཐོག་ཀྲུང་གོར་བཅའ་སྡོད་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་འཐུས་མི་ཀྲའོ་པིང་གིས་ཀི་ནེ་ཡའི་ཞིང་དུད་ཅིག་གི་བསམ་འདུན་ཏེ། ཐོན་འབབ་ཡག་པོ་བྱུང་ན་ངའི་ཕྲུ་གུ་སློབ་གྲྭར་གཏོང་ཐུབ་ལ། ང་ཚོའི་སྡེ་ཁུལ་ལའང་གསོན་ཤུགས་རྒྱས་ཐུབ་ཅེས་པ་མཉམ་སྤྱོད་བྱས་པ་རེད། ཀྲའོ་པིང་གིས“ང་ཚོས་བསྟུན་མཁས་རང་བཞིན་གྱི་རྒྱུན་མཐུད་ཆོག་པའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་ཏེ་ཕྱར་བ་གྲུ་འདེགས་ཀྱིས་ཐུན་མོང་ཐོག་འབྲས་ཞིང་དེ‘དར་རྒྱས་ཀྱི་ཞིང་སར’འགྱུར་བ་བྱེད་ཀྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།