“ཀྲུང་གོ་དང་ལི་གཡོད་ཀྱི་གསར་གཏོད་འབྲེལ་ཟམ”གྱི་བརྗོད་དོན་གཙོ་བོའི་བགྲོ་གླེང་ཚོགས་འདུ་པར་ཙིར་དུ་འཚོགས་པ།
ཉེ་ཆར། “ཀྲུང་གོ་དང་ལི་གཡོད་ཀྱི་གསར་གཏོད་འབྲེལ་ཟམ”གྱི་བརྗོད་དོན་གཙོ་བོའི་བགྲོ་གླེང་ཚོགས་འདུ་པར་ཙིར་གྱི་གྲོང་ཁྱེར་རི་ནེ་ལུའུ་རུ་འཚོཌ་པ་དང་། ཚོགས་ཞུགས་སྲིད་ཚོང་ལས་རིགས་ཀྱི་མི་སྣ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཀྱིས་ཚན་རྩལ་གསར་གཏོད་དང་། ནུས་རྒྱུ་ཕྱོགས་སྒྱུར། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་གསར་གཏོད་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གྲོས་དོན་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་ཤིང་། ཚང་མས་གསར་དར་ཁྱབ་ཁོངས་ཀྱི་ཀྲུང་གོའི་གསར་གཏོད་ལག་རྩལ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པས། པར་ཙིར་གྱིས་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་འབྲེལ། རང་ངོས་ཀྱི་ལེགས་ཆ་ཡག་པོ་སྤྱད་ནས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་མ་འཇོག་བསྡུ་ལེན་དང་ཀྲུང་གོ་དང་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ་གཉིས་ཕན་གཉིས་ཁེ་ཡོང་བ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
བགྲོ་གླེང་ཚོགས་འདུ་གཙོ་གཉེར་བྱེད་མཁན་གྱི་གྲས་ཤིག་ཡིན་པའི་པར་ཙིར་གྱི་གྲོང་ཁྱེར་ལི་གཡོད་རི་ནེ་ལུའུ་གནམ་བདག་ཆོས་ལུགས་སློབ་ཆེན་གྱི་སློབ་སྤྱི་ཨན་ཏེ་སེན·ཧྥེ་ཏེ་ལོ་སོ་ཡིས། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་སྲིད་གཞུང་དང་། སློབ་ཆེན། ཁེ་ལས་བཅས་དབར་གྱི་གླེང་མོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། ལི་གཡོད་རི་ནེ་ལུའུ་གནམ་བདག་ཆོས་ལུགས་སློབ་ཆེན་གྱིས་ཀྲུང་གོའི་སློབ་གྲྭ་མང་པོ་དང་མཉམ་ལས་གྲོས་མཐུན་བཞག་ཡོད་ལ། པར་ཙིར་དུ་བཅའ་སྡོད་ཀྲུང་གོའི་ཁེ་ལས་མང་པོ་དང་མཉམ་ལས་བྱས་ཡོད། “བྱེད་སྒོ་སྤེལ་བ་ལས་པར་ཙིར་དང་ཀྲུང་གོ་ཕྱོགས་གཉིས་པོའི་དབར་ཕན་ཚུན་རྒྱུས་མངའ་ཟབ་ཏུ་ཕྱིན་ནས་ཐུན་མོང་ཐོག་དར་རྒྱས་ཀྱི་འབྱུང་འགྱུར་གཏོད་རྒྱུར་ཕན་པ་ཡོད”ཅེས་བརྗོད།
པར་ཙིར་ཚན་རྩལ་གསར་གཏོད་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལུའུ་དབྱི་སི·ཧྥེར་ནན་ཏེ་སི་ཡིས་གཙོ་དོན་གཏམ་བཤད་ནང་། ཀྲུང་གོ་ནི་པར་ཙིར་གྱི་མ་འཇོག་ཡོང་ཁུངས་རྒྱལ་ཁབ་གཙོ་བོའི་གྲས་ཤིག་ཡིན་པ་དང་། པར་ཙིར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཐད་ཀྲུང་གོའི་ཁེ་ལས་ཀྱིས་ནུས་པ་གལ་ཆེན་བཏོན་ཡོད། དཔལ་འབྱོར་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཉིས་པོའི་མཉམ་ལས་རྒྱུན་ཆད་མེད་པར་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སླེབས་བཞིན་ཡོད། པར་ཙིར་དང་ཀྲུང་གོ་ཕྱོགས་གཉིས་པོས་པར་ཙིར་གྱི་འཕེལ་རྒྱས་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་འབྲེལ་མཐུད་ཡོང་བར་མུ་མཐུད་སྐུལ་འདེད་བཏང་ནས་མི་ཐབས་རིག་ནུས་དང་། མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད། ནུས་རྒྱུ་ཕྱོགས་སྒྱུར་སོགས་ཀྱི་ཁྱབ་ཁོངས་སུ་རྒྱལ་ཁབ་གཉིས་པོས་མཉམ་ལས་གཏིང་ཟབ་བྱེད་པར་རམ་འདེགས་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད།
ཚོགས་ཞུགས་སྐུ་མགྲོན་གྱིས་ད་དུང“ས་འབྲེལ་ཆབ་སྲིད་ཀྱི་བཀོད་པ་དང་ཀྲུང་གོ་དང་པར་ཙིར་གྱི་འཐབ་ཇུས་མཉམ་ལས”དང་། “ཀྲུང་གོ་དང་པར་ཙིར་གྱི་མཉམ་ལས་རྒྱབ་ལྗོངས་འོག་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་ལག་རྩལ་གསར་པ” “འབྱུང་འགྱུར་རྡོ་སྣུམ་བཟོ་ལས་ཁྲོད་ཀྱི་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོའི་ནུས་པ” “ཀྲུང་གོ་དང་པར་ཙིར་གྱི་ནུས་རྒྱུ་ཕྱོགས་སྒྱུར་ཁྲོད་ཀྱི་འགྲན་སློང་དང་གོ་སྐབས”སོགས་ཀྱི་བརྗོད་གཞིར་བགྲོ་གླེང་བྱས་ཤིང་། ཚང་མས་ད་ཐེངས་ཀྱི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པ་དང་མཐོང་ཚོར་ཆེ་བས་ང་ཚོས་པར་ཙིར་དང་ཀྲུང་གོའི་འབྲེལ་བ་ཤེས་རྟོཌ་བྱེད་ཚད་ཟབ་ཏུ་ཕྱིན་སོང་ལ། ཕྱོགས་གཉིས་པོའི་མཉམ་ལས་ལ་བསམ་གཞིག་བྱེད་ཤུགས་ཀྱང་ཆེ་རུ་ཕྱིན་སོང་ཞེས་བརྗོད། ལི་གཡོད་རི་ནེ་ལུའུ་ཀྲོའུ་བཙུགས་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་ཆེད་ལས་ཀྱི་སློབ་མ་ལའེ་ཏི་ཤིས་ཡཱ་ཡིས“སྤེལ་རེས་བྱེད་སྒོ་འདི་རིགས་ཀྱིས་ང་ཚོས་ཀྲུང་གོར་ངོས་འཛིན་བྱེད་ཟབ་ཏུ་འགྲོ་བར་ཕན་པ་ཡོད་པ་མ་ཟད། པར་ཙིར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འབྲེལ་བ་ཟབ་ཏུ་འགྲོ་བར་ཡང་ཕན་པ་ཡོད”ཅེས་གསར་འགོད་པར་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།