“ཡིག་གཟུགས་བརྒྱུད་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ ཤེས་དཔལ་སྦྲེལ་མཐུད་ཡོང་བར་བྱེད་ཀྱི་ཡིན”
“ལན་ཐིང་འདུ་ཚོགས”ཀྱི་ཀྲུང་གོའི་ཡིག་གཟུགས་འགྲེམས་སྟོན་དེ་ཉེ་ཆར་འཇར་མན་པེར་ལིན་དུ་ཡོད་པའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འཚོགས་པ་རེད། ད་རེས་ཀྱི་འགྲེམས་སྟོན་ལ་སྔོན་བྱོན་ཡིག་མཁན་གི་ཡིག་གཟུགས་རྩེ་གྲ་དང་། དེང་རབས་ཡིག་མཁན་གྱི་ཡིག་གཟུགས། ཐམ་བརྐོས་སྒྱུ་རྩལ། མཉམ་འགུལ་མྱོང་རོལ་བཅས་ཀྱི་ཁུལ་བཞིར་ཕྱེ་བར་ཡིག་གཟུགས་ཀྱི་བརྩམས་ཆོས་30ལྷག་ཙམ་འགྲེམས་སྟོན་བྱས་ཡོད། ཡིག་གཟུགས་དེ་དག་གི་གནའ་བོའི་ཉམས་འགྱུར་གྱིས་ཉེ་ས་ནས་ཀྲུང་གོའི་སྒྱུ་རྩལ་ལ་འཇར་མན་གྱི་ལྟད་མོ་ཚོའི་ཡིད་དབང་འཕྲོགས་ནས་རྒྱ་ཆེ་བའི་ཤར་ཕྱོགས་ཀྱི་ལོ་རྒྱུས་དང་རིག་གནས་ཚོར་ཡོད།
འགྲེམས་སྟོན་ཁང་དུ་སྐྱོད་སྐབས། སྐྱེ་བོ་ཀུན་གྱི་འདྲེན་བྱེད་ཡུལ་དུ་སྣང་བ་ནི། ཀྲའོ་མེང་ཧྥུའུ་ཡིས་བྲིས་པའི《རྩོམ་ཡིག་ཡིག་འབྲུ་སྟོང་མ》ཞེས་པ་དཀར་གཙང་གི་དར་གོས་ཆེན་པོ་ཞིག་གི་སྟེང་དུ་པར་བརྒྱབ་ནས་བཟོས་པའི་སྒྲིག་ཆས་ཆེན་པོ་དེ་ཡིན་ཅིང་། ད་དུང་འགེལ་ཐང་དང་། ཡོལ་སྒྲོམ། སྒྲིལ་ཐང་སོགས་རྣམ་པ་མི་འདྲ་བའི་ཐོག་བྲིས་པའི་ཡིག་གཟུགས་ཀྱི་བརྩམས་ཆོས་འགྲེམས་ཁང་གི་མཐའ་བསྐོར་ནས་སྒྲིག་གཤོམ་བྱས་ཡོད་པས། དེ་དག་གི་འགྲམ་དུ་སླེབས་རིམ་བཞིན་ལྟད་མོ་བ་མང་པོའི་ཡིད་དབང་ཅིག་ཅར་དུ་འགུགས་ཀྱི་ཡོད།
སྐད་གྲགས་ལྡན་པའི་རྒྱའི་རིག་པ་མཁས་ཅན་འཇར་མན་བ་ལེ་ཏེ་ཧུའོ་ཡིས་ཡིག་གཟུགས་ནི“སྒྱུ་རྩལ་ལོ་རྒྱུས་ཁྲོད་ཀྱི་སྒྱུ་རྩལ་ཞིག་ཡིན”ཞེས་བརྗོད་མྱོང་ཡོད། དེ་གའི་འགྲེམས་ཁུལ་དུ་སྔོན་བྱོན་ཡིག་མཁན་གྱི་ཡིག་གཟུགས་རྩེ་གྲ་ཅི་ཡོད་སྣ་ཁ་འཇོམས་པོ་ཡོད་པས། ས་ཡུལ་དངོས་ནས་ལྟད་མོ་བ་ཚོས་ཡིག་གཟུགས་ཀྱི་ཐིག་རྩ་ཆེ་ཆུང་དང་རུས་སྒྲོམ་མི་འདྲ་བར་ཞིབ་ལྟ་བྱས་ནས་ཀྲུང་གོའི་ཡིག་གཟུགས་ཀྱི་མཛེས་ཉམས་ཚོར་ཐུབ་ལ། དེང་རབས་ཡིག་གཟུགས་འགྲེམས་ཁུལ་དུ་བསྡུས་པའི་དེང་རབས་ཀྱི་ཡིག་མཁན་13གྱི་བརྩམས་ཆོས་ལས་རྒྱུན་འཛིན་ཁྲོད་ནས་གསར་གཏོད་བྱ་ཚུལ་ཡང་མངོན་ཐུབ།
ཆེད་དུ་གདན་དྲངས་པའི་ཀྲུང་ཧྭའི་རིག་གནས་ལ་དགའ་པོ་ཡོད་པའི་ཝེ་ཁེར་ཐེ་ཡིས་ལྟད་མོ་བར་རང་ཉིད་ཀྱིས་ཀྲུང་གོའི་ཡིག་གཟུགས་སྦྱངས་པའི་མྱོང་ཚོར་མཉམ་སྤྱོད་བྱས་པ་མ་ཟད་ས་ཡུལ་དངོས་ལ་ཀྲུང་གོའི་ཡིག་གཟུགས་ཀྱང་བྲིས་པ་རེད། འཇར་མན་གྱི་གྲོང་རྡལ་ཆུང་ངུ་ཚེ་ལེ་ནས་ཡོང་བའི་མཁྱེན་ལྡན་མ་ཧྥུའུ་ལེ་ཐེ་པེར་ལིན་དུ་ཡུལ་སྐོར་ལ་ཡོང་ཞོར་ཆེད་དུ་འགྲེམས་སྟོན་ལ་ལྟ་བར་འོང་ཞིང་། ཁོང་གིས“ས་ཡུལ་དངོས་སུ་འཇར་མན་གྱི་གཞོན་ནུ་མང་པོས་ཀྲུང་གོའི་ཡིག་གཟུགས་ལ་ཧ་ཅང་དགའ་པོ་བྱེད་པ་ལས་མི་ཆོས་རིག་གནས་སྤེལ་རེས་བྱེད་པའི་གསོན་ཤུགས་ཤིག་ཚོར་བྱུང”ཞེས་བཤད།
“ཡིག་གཟུགས་འབྲི་རྩལ་ནི་རྒྱ་ཡིག་འབྲི་སྟངས་ཀྱི་སྒྱུ་རྩལ་ཞིག་རེད་ལ། ཀྲུང་ཧྭའི་རིག་གནས་ཀྱི་བསམ་པའི་མཚོན་བྱེད་ཀྱང་དེ་བས་རེད”ཅེས་པེར་ལིན་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧོ་ཝུན་པོ་ཡིས“ང་ཚོས་ཡིག་གཟུགས་བརྒྱུད་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་་ཤེས་དཔལ་སྦྲེལ་མཐུད་བྱས་ནས་རིག་གནས་ཀྱི་བྱེད་སྒོ་འདི་ཉིད་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་དབར་གྱི་མི་དམངས་ཀྱི་བསམ་དོན་སྤེལ་རེས་དང་བསམ་ཤེས་ཟབ་ཏུ་གཏོང་བའི་སྦྲེལ་ཟམ་ཞིག་ཏུ་འགྱུར་བར་བྱེད་ཀྱི་ཡིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།