སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་བསྟན་དོན།
ས་ཁང་ཁྲོམ་རའི་བརྟན་ལྷིང་གི་རྣམ་པ་མུ་མཐུད་བརྟན་དུ་གཏོང་གི་ཡིན།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་བརྟག་ཞིབ་ཚོགས་ཆུང་ཀོང་ཏུང་དང་ཀྲེ་ཅང་ཞིང་ཆེན་གཉིས་སུ་བརྟག་ཞིབ་བྱེད་པར་བསྐྱོད་ཅིང་། བརྟག་ཞིབ་ཚོགས་ཆུང་གིས་བསྟན་དོན། ས་ཁང་ཁྲོམ་ར་བརྟན་པོ་དང་། སྐྱོན་བྲལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ས་གནས་ཁག་གིས་འགན་འཁྲི་ཏན་ཏིག་ཁུར་ནས་ས་ཁང་བདག་ཁོངས་སྙོམས་སྒྲིག་སྲིད་ཇུས་ཀྱི་རང་བདག་དབང་ཆ་གང་ལེགས་སྤྱོད་པ་དང་། གྲོང་བསྟུན་ཇུས་འདོན་དང་གནད་སྨིན་ཇུས་འདོན་བྱེད་པ། སྲིད་ཇུས་ལག་བསྟར་གྱི་མ་ལག་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ། ས་ཁང་ཁྲོམ་རའི་བརྟན་ལྷིང་གི་རྣམ་པ་མུ་མཐུད་བརྟན་དུ་གཏོང་གི་ཡིན།
བརྟག་ཞིབ་ཚོགས་ཆུང་གིས་བླང་བྱ་བཏོན་དོན། བདེ་འཇགས་དང་། སྐྱིད་སྣང་དོད་པོ། ལྗང་མདོག རིག་ལྡན་བཅས་ཀྱི“ཁང་པ་ཡག་པོ”འཛུགས་སྐྲུན་མགྱོགས་མྱུར་བྱས་ནས་མི་དམངས་མང་ཚོགས་ཀྱི་རེ་འདུན་གསར་པ་སྐོང་དགོས། སྔོན་དཔག་བརྟན་པོ་དང་། དགོས་མཁོ་སྐུལ་སྤེལ། མཁོ་སྤྲོད་ལེགས་སྒྱུར། ཉེན་ཁ་སེལ་བ་བཅས་ལ་མཉམ་དུ་དོ་དམ་བྱས་ཏེ། ས་ཁང་ཁྲོམ་ར་ཆག་ཆད་བརྟན་འཕར་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
གསར་འགོད་པར་ཤེས་རྟོགས་བྱུང་བར། བརྟག་ཞིབ་ཚོགས་ཆུང་གིས་ས་གནས་དེ་གའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་དང་། རིགས་གཅིག་མཁས་ཅན། མཁས་དབང་། ས་ཁང་ཁེ་ལས་བཅས་དང་བཞུགས་མོལ་བྱས་ནས། ལོ་སྟོད་ཀྱི་ས་ཁང་ཁྲོམ་རའི་འཁོར་རྒྱུག་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། སྐྲུན་བཞིན་པ་དང་འཚོང་བཞིན་པའི་ས་ཁང་རྣམ་གྲངས་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་ནས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་ཉན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཚུན། ཀོང་ཏུང་དང་ཀྲེ་ཅང་ཞིང་ཆེན་གཉིས་ཀྱིས་ས་ཁང་བདག་ཁོངས་སྲིད་ཇུས་ལག་བསྟར་གྱི་ཕན་འབྲས་མུ་མཐུད་ཆེ་རུ་གཏོང་བ་དང་། ཐབས་མང་མཉམ་སྤྱོད་ངང་སྡོད་ཁང་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་འཕེལ་བར་བྱས་ཏེ“ཁང་པ་ཡག་པོ”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ལོ་སྟོད་དུ་ཞིང་ཆེན་གཉིས་ཀྱི་གསར་དུ་བསྐྲུན་པའི་ཚོང་སྒྱུར་ཁང་པ་དྲ་ཐོག་མིང་འགོད་ཉོ་ཚོང་བྱེད་རྒྱ་དུས་མཚུངས་ལས་འཕར་བ་དང་། ཉིས་བརྒྱུད་ཁང་པའི་ཉོ་ཚོང་སྔར་བཞིན་འཁྲུག་པོ་ཡོད་པ། གྲོང་ཁྱེར་གཙོ་བོའི་ཚོང་སྒྱུར་ཁང་པ་ཉོ་ཚོང་ལུགས་མཐུན་གྱི་ཁྱབ་ཁོངས་སུ་གནས་པ། ཁྲོམ་རའི་སྔོན་དཔག་ནུས་ལྡན་ངང་བརྟན་པོ་བཅས་བྱུང་ནས་ས་ཁང་ཁྲོམ་རའི་བརྟན་ལྷིང་རྣམ་པ་མུ་མཐུད་བརྟན་དུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།