ད་ལོའི་རྒན་གསོའི་དངུལ་ལེགས་སྒྲིག་བྱེད་པའི་གཙོ་གནད་དེ་ཡོང་འབབ་འབྲིང་དམའི་ཚོགས་སྤྱིར་ཕྱོགས་པ།
རྒན་གསོའི་དངུལ་ནི་རྒན་ཡོལ་ཞུ་མཁན་དུང་ཕྱུར་མང་པོའི་གཞི་རྩའི་འཚོ་བ་དང་འབྲེལ་བ་ཡོད། རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་ལེགས་སྒྲིག་ནི་རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པར་ནུས་པ་གལ་ཆེན་ལྡན་པ་དང་། དེས་རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་ཉོ་ཤུགས་འགན་སྲུང་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྒྱུར་བཅོས་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པ་མ་ཟད། “མི་རྩ་བར་འཛིན་པར”བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་བྱེད་ཐབས་ཤིག་ཀྱང་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། 2005ལོ་ནས་བཟུང་རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་བསྟུད་མར་ལེགས་སྒྲིག་བྱས་ཏེ། རྒན་ཡོལ་ཞུ་མཁན་གྱི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་གི་ཆུ་ཚད་ཇེ་མཐོར་བརྟན་པོ་བཏང་ནས། རྒྱལ་ཡོངས་ཀྱི་ཁེ་ལས་ཀྱི་རྒན་ཡོལ་ཞུ་མཁན་གྱི་ཟླ་རེའི་ཆ་སྙོམས་ཀྱི་གཞི་རྩའི་རྒན་གསོའི་དངུལ་དེ་2012ལོ་ལས་ལྡབ་གཅིག་འཕར་ཡོད། ན་ནིང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ད་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་། “རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་འོས་འཚམ་མཐོ་རུ་གཏོང་དགོས”ཞེས་གཉིས་ཀའི་ནང་བཏོན་ཞིང་། དེ་ནི་མིག་སྔའི་རྒྱལ་ནང་གི་དཔལ་འབྱོར་ལ་གནོན་ཤུགས་ཐེབས་པ་དང་ངེས་གཏན་མིན་པའི་རང་བཞིན་ཆེ་རུ་འགྲོ་བའི་ཁོར་ཡུག་ཆེན་པོའི་འོག་ནས་བརྗོད་ན། དངོས་གནས་ལས་སླ་པོ་ཞིག་མིན་པ་དང་། དེ་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ཆེའི་རྒན་ཡོལ་ཞུ་མཁན་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད།
ད་ལོའི་ལེགས་སྒྲིག་ཇུས་གཞིའི་ནང་རྒྱལ་ཡོངས་ཀྱི་སྤྱིའི་ལེགས་སྒྲིག་བསྡུར་ཚད་2%གཏན་འཁེལ་བྱས་ཡོད་པ་དང་། ཆུ་ཚད་དེ་ན་ནིང་གི་དུས་མཚུངས་ཀྱི་ཡུལ་མིའི་འཛད་སྤྱོད་རིན་ཐང་གི་སྟོན་གྲངས(CPI)ཀྱི་འཕར་ཚད་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཚན་པའི་ལས་ཀ་བྱེད་མཁན་གྱི་ཟླ་རེའི་ཆ་སྙོམས་གླ་ཕོགས་འཕར་ཚད་དང་གཞི་རྩའི་ཆ་ནས་འཚམ་པས། རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་འཚོ་བ་འགན་སྲུང་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ལེགས་སྒྲིག་བྱ་རྒྱུའི་དམིགས་ཚད་ཅུང་ལེགས་པོའི་སྒོ་ནས་མངོན་འགྱུར་བྱེད་ཐུབ། རྒན་ཡོལ་ཞུ་མཁན་མི་སྒེར་རང་ལ་ལག་བསྟར་བྱེད་པའི་ཐད། རང་རྒྱལ་གྱིས་ཕྱི་རྒྱལ་ལྟར་མི་ཚང་མར་རྐྱང་བསྡུར་ལེགས་སྒྲིག་གི་བྱེད་སྟངས་གཅིག་གྱུར་བྱས་མེད་པར། བཅད་གྲངས་ལེགས་སྒྲིག་དང་། ཟུང་སྦྲེལ་ལེགས་སྒྲིག འོས་འཚམ་འཕར་གཟིགས་བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་སྤྱད་ནས་མི་སྒེར་གྱི་མཐར་ཐུག་གི་ལེགས་སྒྲིག་འཕར་ཚད་ནི་ཁག་གསུམ་བསྡོམས་ནས་ཐག་གཅོད་ཀྱི་ཡོད།
དེ་ལས་ག་རེ་མཚོན་ནམ་ཞེ་ན། གོང་གསལ་གྱི་བྱེད་ཐབས་ལྟར་ན། མི་ཚང་མའི་གཞི་རྩའི་རྒན་གསོའི་དངུལ་གྱི་དོན་དངོས་འཕར་བའི་བསྡུར་ཚད་འདྲ་གི་མེད། བསྡུར་བ་བྱས་ནས་བཤད་ན། གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་ཅུང་དམའ་བའི་རྒན་ཡོལ་ཞུ་མཁན་གྱི་དོན་དངོས་ཀྱི་ལེགས་སྒྲིག་བསྡུར་ཚད་ཅུང་མཐོ་བ་དེ་ཐོག་ནས་རང་རྒྱལ་གྱི་གཞི་རྩའི་རྒན་གསོའི་དངུལ་ལེཌ་སྒྲིག་བྱེད་ཐབས་དེ་ཡོང་འབབ་འབྲིང་དམའི་ཚོཌ་སྤྱིར་ཕྱོགས་པའི་སྲིད་ཇུས་ཀྱི་སྟོན་ཕྱོགས་མཚོན་ཡོད། བྱེད་སྟངས་དེ་ལས་དྲང་གཞག་དང་ལས་ཆོད་ལ་དེ་བས་ལེགས་པའི་སྒོ་ནས་ལྟ་རྟོག་བྱེད་ཐུབ་ལ། གཞི་རྩའི་རྒན་གསོའི་དངུལ་གྱི་ཐོབ་ཐང་བསྡོམས་སྤྲོད་བྱེད་ཐབས་དང་ཡང་འཚམ་པས། གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་དམའ་བའི་རྒན་ཡོལ་ཞུ་མཁན་ལ་ལྟ་སྐྱོང་འོས་འཚམ་བྱེད་ཐུབ་པ་མ་ཟད། འགན་བཅོལ་ནང་ཞུགས་མཁན་ལ་རྒན་གསོའི་དངུལ་དུས་ཡུན་རིང་ཙམ་འཇལ་བ་དང་མང་ཙམ་འཇལ་རྒྱུར་སྐུལ་ལྕག་བྱས་ནས། རྒན་གསོའི་འགན་བཅོལ་ལམ་ལུགས་ཡུན་རིང་རྒྱུན་མཐུད་ཐུབ་པར་སྐུལ་འདེད་ཀྱང་གཏོང་ཐུབ། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ང་ཚོས་བརྟག་ཞིབ་བྱས་པའི་ས་ཁུལ་ཁག་གཅིག་གི་གྲངས་གཞིར་བལྟས་ན། རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་གྱི་ཡོང་འབབ་ཀྱི་ཅི་ཉིའི་བཏགས་གྲངས(ཡོང་འབབ་མཚོན་པའི་བལྟོས་བཅས་ཀྱི་ཧེ་བག)དེ་རྒན་གསོའི་དངུལ་ལེགས་སྒྲིག་བྱས་པའི་དབང་གིས་རིམ་བཞིན་ཆུང་དུ་ཕྱིན་ཡོད་པ་རེད།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཉིད་འབད་འཐབ་ཀྱི་དམིགས་ཚད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་གི་ཡོད་ཅིང་། དེས་ང་ཚོར་དམངས་འཚོའི་སྲིད་ཇུས་ཀྱི་དམངས་ཕན་རང་བཞིན་དང་དྲང་གཞག་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་གི་སྲིད་ཇུས་ནི་རྒན་ཡོལ་ཞུ་མཁན་དུང་ཕྱུར་མང་པོའི་གཞི་རྩའི་འཚོ་བ་འགན་སྲུང་དང་འབྲེལ་བ་ཡོད་པ་མ་ཟད། ལས་གནས་སུ་ཡོད་མུས་ཀྱི་འགན་བཅོལ་ནང་ཞུགས་མཁན་དུང་ཕྱུར་མང་པོའི་འབྱུང་འགྱུར་གྱི་རྒན་གསོའི་འཚོ་བའི་ཐད་ཀྱི་སྔོན་དཔག་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན། དྲང་གཞག་དང་ལས་ཆོད་ལ་ལྟ་རྟོག་བྱེད་པ་དང་དུས་མཚུངས་རྒྱ་ཆེའི་ཡོང་འབབ་འབྲིང་དམའི་ཚོགས་སྤྱིར་འོས་འཚམ་ངང་ཕྱོགས་ན་དམངས་འཚོར་ཕན་པ་དང་། སྔོན་དཔག་བརྟན་པོ། འཛད་སྤྱོད་སྐུལ་འདེད། འཁོར་རྒྱུག་བདེ་བླག་བཅས་ཡོང་བར་ཕན་ཐོགས་ཡོད་པ་རེད།
(རྩོམ་པ་པོ་ནི་ཀྲུང་གོ་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་ཡིན་པ)
འབྲེལ་ཡོད་གསར་འགྱུར།