དྭངས་གཙང་འཐུང་ཆུ་ཁྱིམ་དུ་དྲངས། དམངས་འཚོའི་དྲོ་སྐྱིད་གང་ལེགས་མཚོན།
——ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་འཕྲེང་འགོ་ཤང་མཐུན་སྒྲིལ་གྲོང་གསར་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས་དམངས་ཆེད་བྱ་བ་དངོས་བསྒྲུབས་པའི་སྐོར་བཀོད་པ།
ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་འཕྲེང་འགོ་ཤང་མཐུན་སྒྲིལ་གྲོང་གསར་དུ་དེ་སྔ་ཆུ་ཧ་ཅང་དཀོན་པོ་ཡོད་པ་དེ་གྲོང་མི་ཚོའི་སེམས་ནད་ཅིག་ཏུ་གྱུར་ཡོད། ལྷག་པར་དུ་ས་བབ་མཐོ་བའི་ཚོགས་ཆུང་བདུན་པ་དང་། ཚོགས་ཆུང་དང་པོ། ཚོགས་ཆུང་གཉིས་པ་བཅས་ལ་རྒྱུན་དུ་ཆུ་ཆད་ནས་གྲོང་མི་ཚོའི་རྒྱུན་གཏན་གྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོ་ཡི་ཡོད། “ཡང་ཆུ་མི་འདུག” “ཆུ་ག་དུས་སླེབས་ཀྱི་རེད་དམ” “དཀའ་ངལ་གཞན་གང་ཡང་མི་འདུག འོན་ཀྱང་འཐུང་ཆུའི་གནད་དོན་གང་མགྱོགས་ཐག་གཅོད་ཐུབ་ན་བསམ་གྱི་འདུག”ལ་སོགས་པའི་ཡུལ་མིའི་དགོས་མཁོར་གཞིགས་ནས། གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དེ་འཕྲལ་མར་སྒྲུབ་དགོས་པའི་དོན་དག་གལ་ཆེན་ལ་བརྩིས་ཡོད།
གྲོང་སྡོད་ལས་དོན་རུ་ཁག་གིས་གང་མགྱོགས་གྲོང་ཚོ“ཨུ་ལྷན་གཉིས”དང་འབྲེལ་བ་བྱས་པ་དང་གོང་དཀར་རྫོང་ཆུ་བེད་ཅུས་ཀྱི་རྒྱབ་སྐྱོར་འོག སྐམ་ནས་ཡུན་རིང་སོང་བའི་ཁྲོན་པ་ཉམས་བཟོ་བྱེད་འགོ་ཚུགས་ཤིང་། ཆུ་ཕུམ་རྙིང་པ་གསར་པར་བརྗེས་པ་མ་ཟད་ཁྲོན་པའི་གཏིང་གི་འདམ་རྙོག་གཙང་སེལ་བྱས་ཡོད། འོན་ཀྱང་ཆུ་ཁུངས་སྐམ་པའི་རྐྱེན་གྱིས་ཆུ་ཆུང་ཆུང་ཞིག་ལས་མེད། དེར་བརྟེན་གྲོང་སྡོད་ལས་དོན་རུ་ཁག་གིས་སླར་ཡང་གོང་དཀར་རྫོང་ཆུ་བེད་ཅུས་ལ། རིགས་གཅིག་མཁས་ཅན་ས་གནས་ས་ཐོག་ཏུ་ཡོང་ནས། ཆུ་ཁུངས་གསར་པ་འཚོལ་རོགས་ཞེས་སྙན་སེང་ཞུས་པ་རེད། ཚང་མའི་འབད་བརྩོན་འོག གྲོང་སྡོད་ལས་དོན་མི་སྣས་དགའ་ལྡན་གྲོང་ཚོའི་ཚོགས་ཆུང་དང་པོ་ནས་ཆུ་ཁུངས་འཚམ་པོ་ཤིག་རྙེད། དེ་ནས་གྲོང་ཚོ“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་སོགས་ཀྱིས་མཐུན་སྒྲིལ་གྲོང་གསར་ཕྱོགས་སུ་གང་མགྱོགས་ཆུ་མདོང་སྨི་200འཁྲིད་མོད། འོན་ཀྱང་རྫིང་བུར་ཆུ་སླེབས་མེད། དེར་བརྟེན་གྲོང་ཚོ“ཨུ་ལྷན་གཉིས”དང་། ཡུལ་མིའི་ཙུའུ་ཀྲང་གཞོན་པ། ཏང་ཡོན་དང་བླངས་པ། གྲོང་སྡོད་ལས་དོན་རུ་ཁག་བཅས་ལས་གྲུབ་པའི་འགག་སྒྲོལ་རུ་ཁག་ཅིག་བཙུགས་ཡོད། ཉིན་གསུམ་རིང་ཁོང་ཚོས་འདམ་རྙོག་གིས་ཁེངས་པའི་ཆུ་ཡུར་ནང་དཔུང་པ་ས་འོག་ཏུ་བཅུག་ནས་ལས་ཀ་བྱས་པ་དང་། ཆུ་མདོང་ལ་ཐེངས་མང་བརྟག་དཔྱད་སོཌ་བྱས་རྗེས། མཐར་ཆུ་མདོང་གི་འགག་ས་གཙོ་བོ་དེ་རྙེད་ཐུབ་ཙམ་བྱུང་ཡོད། མཐའ་མའི་འདམ་རྙོག་གཙང་སེལ་བྱས་མཐར་ཆུ་མདོང་ནང་གི་ཆུ་རྫིང་བུར་སླེབས་པས་མི་རྣམས་ཧ་ཅང་དགའ་པོ་བྱུང་ཡོད། ཤང་ཤང་དུ་རྒྱུག་པའི་ཆུ་སྒྲ་དེ་ཡང་དགའ་འོས་པའི་དོན་དག་དེར་རྟེན་འབྲེལ་གྱི་རོལ་དབྱངས་དཀྲོལ་བ་དང་གཉིས་སུ་མ་འཆིས།
དུས་དེ་ནས་བཟུང་མཐུན་སྒྲིལ་གྲོང་གསར་གྱི་ཡུལ་མི་1565ཡི་ཆུ་དཀོན་པའི་ལོ་རྒྱུས་ལ་རྫོགས་ཤད་འཐེན། གྲོང་སྡོད་ལས་དོན་རུ་ཁག་གིས་དམངས་འཚོའི་དོན་དངོས་ཁ་ཡོད་ལག་ཡོད་ཀྱིས་བསྒྲུབས་པས་མང་ཚོགས་ཀྱི་སེམས་ནང་དྲོ་སྐྱིད་དཔག་མེད་ཚོར་ཡོད།
འབྲེལ་ཡོད་གསར་འགྱུར།