ཕྱིར་གཏོང་འཕར་ཚད་7.2%ནས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ལ་ལྟ་བ།
ཉེ་ཆར། ཀྲུང་གོའི་དཔལ་འབྱོར་གྱི“ལོ་ཕྱེད་སྙན་ཞུ”ཁྱབ་བསྒྲགས་བྱས་ཤིང་། གྲངས་གཞི་མང་པོའི་ཁྲོད་ནས་ཕྱིར་གཏོང་འཕར་ཚད་7.2%ནི་བཀྲག་མདངས་ལྷག་པར་འཚེར་བ་དང་། དེ་ལས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་མངོན་པས། རྒྱལ་སྤྱིའི་ལྟ་ཞིབ་མཁས་ཅན་ཁག་གཅིག་གིས་ཡིད་སྨོན་དང་བསྔགས་བརྗོད་བྱེད་ཀྱི་ཡོད་པ་རེད།
ཕྱིར་གཏོང་འཕར་ཚད་7.2%ཟིན་པའི་གདེང་ཚོད་ནི་འཐུས་སྒོ་ཚང་བའི་ཐོན་ལས་མ་ལག་ཡིན་ཞིང་། སྒུལ་ཤུགས་ནི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱས་པ་ལས་བྱུང་བ་ཞིག་ཡིན་པས། མཐར་གཏུགས་ནས་བཤད་ན། རྒྱུན་ཆད་མེད་པའི་སྤུས་ཚད་མཐོ་བའི་མཁོ་སྤྲོད་ལ་བརྟེན་ནས་རྒྱལ་སྤྱིའི་ཁྲོམ་རའི་དགོས་མཁོ་དང་འཚམ་པར་བྱས་པ་དེ་རེད།
དཔེ་གཅིག་བཞག་ན། ལོ་སྟོད་དུ་རང་རྒྱལ་གྱི་ཚན་རྩལ་འདུས་ཚད་མཐོ་བའི་ཐོན་རྫས་ཀྱི་ཕྱིར་གཏོང་བྱེད་ཚད་9.2%འཕར་ཏེ་ཟླ་9བསྟུད་མར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། དེའི་ནང་རྩེར་སོན་འཕྲུལ་སྟེགས་དང་། གྲུ་གཟིངས། རྒྱ་མཚོའི་བཟོ་སྐྲུན་སྒྲིག་ཆས་ཀྱི་ཕྱིར་གཏོང་འཕར་ཚད་ཚང་མ་བཅུ་ཆ་གཉིས་ལས་བརྒལ་ཡོད།
འདས་ཟིན་པའི་ལོ་ཕྱེད་ནང་ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་མགྱོགས་པོ་ཕྱིན་པས། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་ཀྱང་ལས་སླ་པོ་བྱུང་མེད། འོན་ཀྱང་ཁེ་ལས་ཡིན་ནའང་འདྲ་ཡང་ན་སྲིད་གཞུང་ཡིན་ནའང་འདྲ་གང་ལྟར་ཀྲུང་གོའི་ངེས་ཤུགས་དང་སེམས་ཤུགས་ཀྱིས་མི་རྣམས་ལ་བློ་རྩ་ཤིན་ཏུ་བརྟན་པའི་ཚོར་སྣང་ཞིག་སྦྱིན་ཡོད།
བག་ཡངས་དང་། བབ་བརླིང་། གདེང་ཚོད། རླུང་རླབས་ལ་མི་སྐྲག་པ་བཅས་ནི་དེ་རིང་གི་ཀྲུང་གོ་རེད།
ལོ་འདི་དག་གི་རིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ལག་ལེན་གྱིས་ང་ཚོར་ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་སེམས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་པ་དང་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ན། ཀྲུང་གོའི་དཔལ་འབྱོར“རྦ་རླབས་འཕྱུར་མིན་བརྟག་མི་དགོས་པར་ཉ་གྲུའི་ནང་དུ་བརྟན་པོར་སྡོད་ཐུབ་པ”ར་སྤྲོད་བྱས་ཡོད།
ཁེ་ལས་བབ་བརླིང་ཆེ་བ།
“དཀའ་ངལ་ལ་བསམ་བློ་མ་བཏང་བར་ལས་ཀ་ཧུར་ཐག་བྱས་ན་དེ་གས་འགྲིག གོམ་པ་རེ་རེ་བྱས་ནས་མདུན་སྐྱོད་བྱེད་དགོས”“དཀའ་ངལ་འཕྲད་ན་འཕྲད་པ་རེད། དཀའ་ངལ་མ་འཕྲད་པ་ག་ལ་སྲིད”
མི་རིང་བའི་གོང་། རེན་ཀྲེང་ཧྥེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ལན་བཏབ་པ་དེར་མཚོན་བྱེད་རང་བཞིན་ཆེན་པོ་ལྡན་ཡོད། ད་ལོའི་དུས་ཚིགས་གཉིས་པར་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་མགྱོགས་པོ་ཕྱིན་པ་དང་ཕྱི་རོལ་གྱི་གནོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བའི་སྐབས་སུ། གློ་བུར་དུ་ཐོན་པའི་ཕྱི་རོལ་དཀའ་ངལ་གྱི་རྐྱེན་པས་ཀྲུང་གོའི་ཁེ་ལས་ཟང་ཟིང་དུ་གྱུར་མེད་པར། དཀའ་ངལ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་བློ་སྟོབས་ཆེ་རུ་ཕྱིན་པ་མངོན་ཡོད།
ཀྲེ་ཅང་དབྱི་ཝུའུ་ནི་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་འཕེལ་ཕྱོགས་ཀྱི“ཆར་བརྟག་ཡོ་བྱད”དང“རླུང་ཕྱོགས་སྟོན་རྟགས”ལྟ་བུ་རེད། “རླུང་རླབས་ལས་རྣམ་པར་རྒྱལ་དགོས་པ་དང་འགག་རྩའི་དུས་སུ་བརྟན་པོ་བྱེད་དགོས”དབྱི་ཝུའུ་ཚོང་ཟོག་ཆུང་གྲས་ཀྱི་ཁྲོམ་རར་ལོ་23རིང་རྒྱ་མ་བཙོངས་ནས་བསྡད་པའི་ཚོང་པ་ལུའེ་ཁྲེང་ཅུན་ནི་ཁོང་གི་ཁྲའོ་ལན་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་སིའི་མིང་དང་འདྲ་བར་རྒྱལ་སྤྱིའི་ཚོང་ཤག་ཁག་གཅིག་གིས“མངགས་ཐོ་འཐེན་སྐབས”བློ་རྩ་བརྟན་པོ་ཡོད།
“ཚང་མས་འཚབ་འཚུབ་མི་བྱེད་པར་ཆར་རླུང་གི་རྗེས་སུ་འཇའ་ཚོན་ཤར་ངེས་ཡིན་པའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་ལུའེ་ཁྲེང་ཅུན་གྱིས་དབྱི་ཝུའུ་ཚོང་དུད་ཁག་གི་བསམ་པའི་སྐད་ཆ་བཤད། ཕྱི་ཕྱོགས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་སྐབས་དབྱི་ཝུའུ་ཡི་ཚོང་པ་རྣམས་ཀྱིས་སྒུག་བརྟེན་མི་བྱེད་པར་རང་རྩལ་སྦྱོང་བ་དང་། གསར་གཏོད་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་རུ་གཏོང་བ། སྤུས་རྟགས་མང་དུ་གཏོང་བ། ཕྱི་ཕྱོགས་ཚོང་དོན་གྱི་ཚོང་གྲོགས་མང་དུ་གཏོང་བ་བཅས་བྱས་ཡོད།
ཁེ་ལས་ནི་དཔལ་འབྱོར་བྱེད་སྒོའི་གཞི་རྩའི་ཕྲ་ཕུང་ལྟ་བུ་རེད། མིག་སྔར་ཚོང་གཉེར་བྱེད་པོ་རེ་རེ་ཡིས་འབད་འཐབ་དང་། སྙིང་རུས། བག་ཡངས། བབ་བརླིང་བཅས་ལ་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནམ་ས་གསར་པ་ཧུར་ཐག་གཏོད་བཞིན་ཡོད།
སྲིད་གཞུང་བབ་བརླིང་ཆེ་བ།
2024ལོར་ཧྲེན་ཀྲེན་གྱི་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.81ཟིན་ནས་14.6%འཕར་ཏེ། གཞི་ཁྱོན་ལོ་32བསྟུད་མར་ནང་སའི་ཕྱི་ཕྱོགས་ཚོང་དོན་གྲོང་ཁྱེར་ཁྲོད་ནས་ཨང་དང་པོར་སླེབས་ཡོད། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་ཧྲེན་ཀྲེན་གྱི་ཕྱིར་གཏོང་བྱེད་ཚད་8.6%ཆག་ཡོད། ཧྲེན་ཀྲེན་དང་ཐག་ཤིན་ཏུ་ཉེ་བའི་ཏུང་ཀོན་དུ་ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་17.4%འཕར་བའི་ནང་ཕྱིར་གཏོང་བྱེད་ཚད་11.2%འཕར་ཡོད། འོན་ཀྱང་ན་ནིང་གི་དུས་མཚུངས་ལས་ཏུང་ཀོན་གྱི་ཕྱིར་གཏོང་བྱེད་ཚད་3.4%ཆག་ཡོད་པ་རེད།
མ་གཞི་འཕར་ཚད་ལ་འཕར་ཆག་ཡོད་མོད། འོན་ཀྱང་ཧྲེན་ཀྲེན་དང་ཏུང་ཀོན་ས་ཆ་གཉིས་ཀྱི་སྲིད་གཞུང་གིས་བློ་རྩ་བརྟན་པོས་མུ་མཐུད་དངོས་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས་ཁེ་ལས་ཀྱི་དཀའ་གནད་བསལ་ཏེ་ཕྱི་ཕྱོགས་ཚོང་དོན་ལ་སྒུལ་ཤུགས་སྣོན་པ་དང་། འཕེལ་རྒྱས་ཆེད་ཁོར་ཡུག་ལེགས་སུ་གཏོང་བ། ཏན་ཏན་ཏིག་ཏིག གོ་རིམ་ལྡན་པ་བཅས་བྱས་ཡོད། མི་ཚོས་མཐོང་བ་ནི་བརྟན་ཐོག་ཡར་འཕེལ་གྱི་གདེང་ཚོད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པའི་གཡོ་འགུལ་མེད་པའི་མཉེན་ཤུགས་དེ་རེད།
ཕྱིར་གཏོང་འཕར་ཚད་7.2%བརྒྱུད་ང་ཚོས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེན་པོ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མཐོང་ཐུབ་ལ། ཀྲུང་གོ་བའི་བག་ཡངས་དང་བབ་བརླིང་ཡང་མཐོང་ཐུབ། དེ་ནི་རྒྱལ་ཁབ་དང་མི་རིགས་ཤིག་གི་གདེང་ཚོད་ཀྱི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།