“མི་ཉག་བང་སོ”《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་བདེ་བླག་ངང་ཚུད་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་2025ལོའི་ཟླ་7ཚེས་11ཉིན། ཧྥ་རན་སེའི་ཕ་རི་སིར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་ཞེ་བདུན་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ།“མི་ཉག་བང་སོ”《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་བཅུག་པ་རེད། དེས་ན་ཀྲུང་གོའི་འཛམ་གླིང་ཤུལ་བཞག་གི་བསྡོམས་འབོར་ཁག་60ཟིན་ཡོད།
མི་ཉག་བང་སོ་ནི་ཀྲུང་གོའི་ནུབ་བྱང་ས་ཁུལ་གྱི་དུས་རབས་11པ་ནས་13པའི་བར། ཏང་ཞང་མི་རིགས་ཀྱིས་བཙུགས་པའི་མི་ཉག་རྒྱལ་རབས(1038ལོ་ནས་1227ལོའི་བར)ཀྱི་བང་སོའི་ཁྱུ་ཚོགས་ཤིག་ཡིན་ཞིང་། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་གྱི་རང་བྱུང་ས་ཁམས་དབྱེ་མཚམས་ཀྱི་ནུས་པ་གལ་ཆེན་ལྡན་པའི་ཧོ་ལན་རི་བོའི་ལྷོ་རྒྱུད་ཀྱི་ཤར་འདབས་སུ་གནས་པ་དང་ཁྱབ་ཁྱོན་སྤྱི་ལེ་ངོས་གྲུ་40ཙམ་ཟིན་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཨུ་ལྷན་གྱིས་མི་ཉག་བང་སོའི་ཆ་ཚང་རང་བཞིན་དང་དོན་དངོས་རང་བཞིན་ལ་ཁས་ལེན་བྱས་ཏེ། མི་ཉག་བང་སོ་ནི་རིག་གནས་སྣ་མང་མཉམ་འདྲེས་ཤུགས་རྐྱེན་གྱི་བདེན་དཔང་དུ་གྱུར་པའི་ངོས་ནས་དེའི་བར་མཐོངས་བཀོད་སྒྲིག་དང་། ཇུས་འགོད་འདུ་ཤེས། བཟོ་སྐྲུན་རྣམ་པ་བཅས་ཀྱིས་ཐང་སུང་གི་བང་སོའི་ལམ་ལུགས་རྒྱུན་འཛིན་བྱས་པ་མ་ཟད། ནང་པའི་དད་མོས་དང་ཏང་ཞང་གི་གོམས་སྲོལ་དང་འདྲེས་ནས་དམིགས་བསལ་གྱི་དད་མོས་དང་དུར་འཇུག་སྲོལ་རྒྱུན་ཆགས་ཡོད་ལ། སྤྱི་ལོའི་དུས་རབས་11པ་ནས་13པའི་བར་གྱི་དར་གོས་ལམ་བུའི་རིག་གནས་དང་ཚོང་ལས་སྤེལ་རེས་ཁྲོད་ཀྱི་མི་ཉག་རྒྱལ་རབས་ཀྱི་ཐུན་མོང་མ་ཡིན་པའི་གནས་བབ་ཡང་བདེན་དཔང་བྱས་པའི་ངོས་འཛིན་བྱས་པ་རེད། རྩ་འཛུགས་དེས་ཀྲུང་གོ་སྲིད་གཞུང་གིས་མི་ཉག་བང་སོའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དོ་དམ་ལ་འབད་བརྩོན་ཆེན་པོ་བྱས་པ་མ་ཟད། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་ཚད་མཐོའི་བསྔགས་བརྗོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།