“ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕར་བར་མུ་མཐུད་ལེགས་སྐྱེས་ཕུལ་བ”
རྒྱལ་སྤྱིའི་མི་སྣས་2025ལོའི་ལོ་སྟོད་དུ་ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་བྱུང་བར་གདེང་འཇོག་ཡག་པོ་བྱས་པ།
ཟླ་7ཚེས་15ཉིན། ཀྲུང་གོ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ། ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་5.3%འཕར་ཞིང་། འཕར་ཚད་ན་ནིང་གི་དུས་མཚུངས་དང་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་0.3འཕར་ཡོད་པ་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་སྤྱིའི་མི་སྣས། ཀྲུང་གོའི་དཔལ་འབྱོར་གྱིས་གནོན་ཤུགས་ཐེག་པ་དང་དཀའ་ངལ་བསུ་བཞིན་མདུན་སྐྱོད་བྱེད་བཞིན་ཡོད་ཅིང་། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་པོ་དང་བརྟན་ཁྲོད་ལེགས་འཕེལ་བྱུང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་འཕེལ་རིམ་གསར་པ་བྱུང་བ་དང་དུས་མཚུངས། འཛམ་གླིང་གི་དཔལ་འབྱོར་ལ་སྒུལ་ཤུགས་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་བསྣན་ཡོད་ཅེས་བརྗོད་པ་རེད།
“ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་མཐུད་ཐུབ་པ”
མིག་སྔར། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཛ་དྲག་ཏུ་ཕྱིན་པ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་ལ་འགྲན་སློང་དྲག་པོ་འཕྲད་པ། འཛམ་གླིང་དཔལ་འབྱོར་སླར་གསོ་འགོར་བ། ཕྱི་ཕྱོགས་ཁོར་ཡུག་གི་གཏན་འཁེལ་མིན་པའི་རང་བཞིན་བཅས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་བར་གནོན་ཤུགས་ངེས་ཅན་ཞིག་འཕྲད་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྡེ་གཞི་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོའི་དཔལ་འབྱོར་འཕེལ་ཕྱོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་དོ་ཁུར་ཐོབ་ཡོད། གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་དུ། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གསར་ལ་ལེགས་སུ་ཕྱིན་ནས་མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་མངོན་ཡོད།
ཉེ་ཆར། ཧྭ་ཆི་དངུལ་ཁང་དང་། རུའེ་དབྱིན་ཚོགས་པ། ཀའོ་ཧྲེང་ཚོགས་པ། མོ་ཀེན་ཏ་ཐུང་སོགས་ཚུད་པའི་ཕྱི་རྒྱལ་གྱི་མ་འཇོག་སྒྲིག་གཞི་མང་པོ་ཞིག་གིས་2025ལོའི་ཀྲུང་གོའི་དཔལ་འབྱོར་གྱི་འཕར་ཚད་སྔོན་དཔག་གཅིག་རྗེས་གཉིས་མཐུད་ངང་མཐོ་རུ་བཏང་ཞིང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་མུ་མཐུད་ཆེ་རུ་འགྲོ་བ་དང་ལོ་སྨད་དུ་རྒྱུན་མཐུད་ཐུབ་རེ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
“གོ་ལ་ཧྲིལ་པོའི་གྲངས་འཛིན་ཅན་གྱི་ཕྱོཌ་སྒྱུར་ལ་ཐབས་ལམ་གསར་པ་མཁོ་འདོན་བྱས་པ”
གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་དུ། ཀྲུང་གོའི་རྒྱལ་ནང་ཁྲོམ་རའི་ཕྱིར་ཚོང་གང་མགྱོགས་འཕར་ནས་འཛད་སྤྱོད་རིམ་སྤོར་རིགས་ཀྱི་ཚོང་ཟོག་ཕྱིར་ཚོང་གི་རྣམ་པ་ཅུང་ཡག་པོ་ཡོད་པ་རེད། སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་5.0%འཕར་ཡོད། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལ་མུ་མཐུད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། རྒྱལ་ཡོངས་ཀྱི་དྲ་ཐོག་སིལ་ཚོང་གྲངས་འབོར་དུས་མཚུངས་ལས་8.5%འཕར་ཡོད། བཟོ་ལས་ཐོན་སྐྱེད་ཅུང་མགྱོགས་པོ་འཕར་བ་དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཚད་ལེགས་པོ་བྱུང་བ། གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་9.5%འཕར་ཡོད་པ་རེད།
སི་ཕེན་མར་ཁེ་སི་རིང་ལུགས་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་རེན་ཨའེ་ཏི·སང་ཆེ་སི·དབྱི་ཀེ་ལའེ་ཤིས་ཡཱ་ཡིས“གྲངས་འཛིན་དཔལ་འབྱོར་དང་། རིག་ནུས་བཟོ་སྐྲུན། ལྗང་མདོག་ཕྱོགས་སྒྱུར་སོགས་ལ་ཐོབ་པའི་ཀྲུང་གོའི་གྲུབ་འབྲས་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ལྷག་པར་དུ་མི་ཐབས་རིག་ནུས་དང་། མི་མེད་ཁ་སྒྱུར། འཕྲུལ་མི་སོགས་ཁྱབ་ཁོངས་སུ་ཀྲུང་གོ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། ཀྲུང་གོས་ཚན་རྩལ་གསར་གཏོད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཤེས་ལྡན་པ་གསོ་སྐྱོང་དང་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་སོགས་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་འཕར་རྒྱུ་དེ་རྒྱུ་རྐྱེན་གཙོ་བོའི་སྐུལ་སྤེལ་ནས་གསར་གཏོད་སྐུལ་སྤེལ་ལ་བསྒྱུར་བར་ཁོར་ཡུག་བཟང་པོ་བཏོད་ནས། “ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ། གོ་ལ་ཧྲིལ་པོའི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལའང་ཐབས་ལམ་གསར་པ་མཁོ་འདོན་བྱེད་བཞིན་ཡོད”ཅེས་བརྗོད།
“སྒོ་དབྱེའི་ཀྲུང་གོས་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་དེ་བས་མང་བ་སྦྱིན་པ”
དེ་སྔ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ནི་སྒོ་དབྱེའི་ཆ་རྐྱེན་ལ་བརྟེན་ནས་བྱུང་བ་དང་། འབྱུང་འགྱུར་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱང་ངེས་པར་དུ་སྒོ་དབྱེའི་ཆ་རྐྱེན་ལ་བརྟེན་དགོས། ཀྲུང་གོས་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་དང་། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་གཞོལ་བ་བཅས་བྱེད་དགོས།
ད་ལོའི་ཟླ་1ཚེས་1ཉིན། 《ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན》ལ་ནུས་པ་ཐོན་པ་དང་ལག་བསྟར་བྱས་ཏེ་ལོ་གསུམ་འཁོར་བ་དང་། ད་ལོའི་ཟླ་5པར། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་3.0དཔར་མར་གྲོས་མོལ་ཕྱོགས་ཡོངས་ནས་ལེགས་གྲུབ་ཡག་པོ་བྱུང་བ་རེད། ཐེ་ལན་ཀྲེང་ཏ་དོ་དམ་སློབ་གླིང་གི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཐང་ཀྲི་མིན་གྱིས“ཀྲུང་གོས་ས་ཁོངས་དང་དེ་བཞིན་འཛམ་གླིང་དབར་གྱི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་མུ་མཐུད་ལེགས་སུ་གཏོང་བཞིན་ཡོད”ཅེས་དང་། ཀྲུང་གོས་རང་ངོས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་དང་། མཉེན་ཤུགས་ཆེ་བ། སྒུལ་ཤུགས་འདང་ངེས་བཅས་ཀྱི་རྨང་གཞིའི་ཐོག་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་འཁྱོངས་བྱས་པར། ལོ་སྟོད་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་9.6%འཕར་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་4.7%འཕར་བ། ཡོ་རོབ་མནའ་འབྲེལ་དང་། རི་པིན། ཧན་གོ་སོགས་ཀྱི་དཔལ་འབྱོར་སྡེ་གཞི་ཡང་འཕར་ནས། མུ་མཐུད་གོ་ལ་ཧྲིལ་པོའི་ཚོང་དོན་གྱི“བརྟན་པོའི་རང་བཞིན”ལ་གྱུར་ཡོད་ཅེས་བརྗོད།
ཏི་པའེ་ཚོང་ཟོག་སྣ་མང་ཉོ་ཚོང་ལྟེ་གནས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཨའེ་ཧཱ་མའེ་ཏེ·སུའུ་ལའེ་དབྱི་མུའུ་ཡིས“ཕྱིར་གཏོང་མགྱོགས་མྱུར་འཕར་བ་དང་། རྒྱལ་ནང་གི་འཛད་སྤྱོད་རྒྱ་ཆེ་བ། ལག་རྩལ་མཐོ་བའི་ཐོན་རྫས་བཟོ་སྐྲུན་གྱི་ཆུ་ཚད་མཐོ་རུ་ཕྱིན་པ་བཅས་ཀྱི་མཐུན་རྐྱེན་འོག ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕར་བར་མུ་མཐུད་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོའི་དཔལ་འབྱོར་བརྟན་པོ་འཕར་བ་དེས་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་མུ་མཐུད་མཐུན་རྐྱེན་སྦྱར་ཡོད་ལ། འཛམ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལའང་གོ་སྐབས་སྦྱིན་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།