མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རིམ་མཐོའི་གླེང་སྟེགས་ཟུར་ཚོགས་ཀྱིས་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལ་དམིགས་པ།
ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རིམ་མཐོའི་ཆབ་སྲིད་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་ནུས་རྒྱུ་དྲ་སྦྲེལ་གྱི་བརྗོད་དོན་གཙོ་བོའི་ཟུར་ཚོགས་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་འཚོགས་པ་རེད། ཚོགས་འདུས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཀྱིས་དཔལ་འབྱོར་རྒྱུན་མཐུད་འཕར་བར་སྐུལ་འདེད་དང་རོགས་ཟླའི་འབྲེལ་བ་འཛུགས་པ”བརྗོད་དོན་གཙོ་བོར་བྱས་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལ་དམིགས་ཤིང་། དེའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་ཧྥུའུ་ཚུང་གིས་གཏམ་བཤད་གནང་སྐབས། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་ཞིང་། གོ་ལ་ཧྲིལ་པོའི་ཆེ་ཤོས་དང་འཕེལ་རྒྱས་མགྱོགས་ཤོས་ཀྱི་བསྐྱར་སྐྱེས་ནུས་རྒྱུའི་མ་ལག་བཙུགས་པ་དང་གོ་ལ་ཧྲིལ་པོའི་ཆེ་ཤོས་དང་ཆ་ཚང་ཤོས་ཀྱི་ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་བསྐྲུན་ཡོད། ཀྲུང་གོས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱས་ནས། གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་གྲོས་འགོ་དོན་འཁྱོལ་ལ་སྐུལ་འདེད་དང་། རྒྱལ་ཁབ་ཁག་དང་ལྷག་པར་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ནུས་རྒྱུ་གཙང་མའི་ཕྱོགས་སྒྱུར་ལ་རམ་འདེགས་བྱས་ཏེ། “མི་ཚང་མར་རྒྱུན་མཐུད་ཆོག་པའི་ནུས་རྒྱུ་མཉམ་སྤྱོད་ཐུབ་པའི”རེ་འདོད་ཟབ་མོ་སྔ་ཙམ་འགྲུབ་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།
ད་ཐེངས་ཀྱི་ཚོགས་འདུ་ནི་མཉམ་ལས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ། མཉམ་འབྲེལ་རྒྱལ་ཚོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཐག་གཅོད་ཇུས་གཞིའི་དྲ་རྒྱ་བཅས་ཀྱིས་མཉམ་དུ་གཉེར་ཞིང་། སྐུ་མགྲོན་450ལྷག་ཙམ་ཚོགས་འདུར་ཞུགས་ཡོད། དེ་དང་ཆབས་ཅིག ཚེས་14ནས་ཚེས་23ཉིན་བར། གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་མཉམ་འབྲེལ་རྒྱལ་ཚོགས་སུ་གཉེར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།