བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ།
དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བ།
ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཤིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ནང་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ“དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”པའི་མངགས་བཅོལ་ཟབ་མོ་གནང་བ་ལས་མི་རྣམས་ལ་འབད་འབུངས་ཡར་བརྩོན་བྱེད་པའི་ལྕག་སྐུལ་ཐེབས་ཡོད། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཤིང་རང་འཁྲིའི་ལས་ཀར་གཞི་བཙུགས་ནས་རྩལ་ནུས་སྦྱོང་བ་དང་འཇོན་ཐང་ཆེ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གཙོ་བོར་བྱས་པའི་སྐྱེ་ཁམས་དཔལ་འབྱོར་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཆུ་གློག་དང་། འོད་ཤུགས། རླུང་གློག་སོགས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ཆབས་ཅིག སྐྱེ་ཁམས་ཡུལ་སྐོར་དང་། རིག་གནས་ཡུལ་སྐོར། ཁྱད་ལྡན་ཞིང་འབྲོག་ལས། ལྗང་མདོག་ནུས་རྒྱུ་སོགས་ཁྱབ་ཁོངས་སུ་བོད་ཀྱི་ཁྱད་ལྡན་ལས་རྣམ་འཕེལ་རྒྱས་བཏང་སྟེ། བོད་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་སྲུང་སྐྱོང་དང་གསར་སྤེལ་བྱེད་སྟངས་རྒྱུན་མཐུད་ལེགས་སུ་བཏང་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཧྲེང་དབྱི་ཡིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཏང་ཀྲུང་དབྱང་གིས་བོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་ང་ཚོས་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེགས་ཆ་དེ་གྲོང་གསེབ་ཁྱོན་ཡོངས་དར་རྒྱས་འགྲོ་བའི་སྒུལ་ནུས་ཆེན་པོར་འགྱུར་བར་བྱེད་ཀྱི་ཡིན” ཐོན་ལས་འཁོར་འབྲེལ་ཐད་འཁོར་འབྲེལ་རིང་དུ་བཏང་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་ཐད་རྩལ་ནུས་ཡག་ཏུ་བཏང་ནས་ཐབས་ལམ་མང་དུ་གཏོང་བ། ཁེ་ལས་ཐད་ཞིང་སྦྲེལ་ལ་ཤུགས་བརྒྱབ་ནས་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བའི་འགན་ལེན་བྱེད་ཀྱི་་ཡིན་ཞེས་བརྗོད་པ་རེད།
རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་ལག་བསྟར་ལས་དོན་ནང་ཞུགས་མཁན་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཀུང་སིས་ས་མཐོའི་ཨར་ལས་ཀྱི་དཀའ་གནད་ལ་དམིགས་ཏེ་ལག་རྩལ་དང་བཟོ་རྩལ་གསར་གཏོད་དང་། སྐྱེ་ཁམས་སྲུང་སྐྱོང་གི་འགག་སྒོ་ནན་པོ་བསྲུངས་ནས། སྤུས་ལེགས་ལས་གྲྭ་ནུས་ཤུགས་ཡོད་རྒུས་བསྐྲུན་པ་རེད། ས་བབ་མཐོ་ཚད་སྨི་4000ཡན་གྱི་མཚམས་སུ། འཛུགས་སྐྲུན་པ་ཚོས་མཐོ་ཞིང་གྲང་ལ་གསོ་རླུང་མི་འདང་བའི་དཀའ་ངལ་ཁྱད་དུ་བསད་དེ། ལམ་གཞི་བརྟན་གཏོང་ཇུས་གཞི་ལེགས་སུ་བཏང་བ་དང་། ཡུན་བོད་དུམ་བུར་རིག་ནུས་ལྟ་ཞིབ་ཚད་ལེན་མ་ལག་བརྒྱུད་མཐའ་སྒྲོམ་བརྟན་བཅག་སྔོན་བརྡ་བཏང་ནས་ཨར་ལས་བདེ་འཇགས་དང་སྐྱེ་ཁམས་ཞི་མཐུན་འགན་ལེན་བྱས་པ་རེད།
ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་བོད་ལྗོངས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་བཀོད་འདོམས་ཀྲང་ཞུས་ཕེང་གིས། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་ལས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང” “ང་ཚོས་མུ་མཐུད་དུ‘ལམ་གཉིས’ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བོད་ལ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་བསྟར་ཁུལ་སྐྲུན་རོགས་བྱས་ཏེ། མཁའ་ལམ་སྔར་བས་ཤར་གཏོང་དང་མཐའ་མཚམས་སྔར་བས་དར་རྒྱས་ཡོང་བར་བྱ་རྒྱུ་ཡིན། གོམ་སྟབས་རྗེས་མར། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་བོད་ལྗོངས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱིས‘ཏང་འཛུགས་སྐྱོང་དང་ལས་གྲྭ’ཟུང་འབྲེལ་གྱི་རྣམ་པ་ཟབ་ཏུ་བཏང་སྟེ། འགྲིམ་འགྲུལ་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཕན་ཚུན་སྐུལ་སྤེལ་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། བོད་འདི་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་མཉམ་འདྲེས་ཡོང་བར་སྒུལ་ནུས་ཆེན་པོ་སྣོན་རྒྱུ་ཡིན་ཞེས་བརྗོད་པ་རེད།
“ལོ་6གོང་དུ། ང་རང་རྩ་འཛུགས་ཀྱིས་གླིང་ཁུལ་དུ་མངགས་གཏོང་བྱས་བྱུང་། ལས་ཀ་འདི་ཡག་པོ་བསྒྲུབ་རྒྱུ་ནི་ཏང་ཡོན་ཞིག་གི་འགན་འཁྲི་ཡིན་ལ་ལས་འགན་དེ་བས་ཀྱང་ཡིན། ཏང་དང་སྲིད་གཞུང་གི་དོ་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་ཡོད་པས། ང་ཚོས་མང་ཚོགས་དང་མཉམ་དུ་ངལ་རྩོལ་དང་མཉམ་དུ་འཚོལ་ཞིབ་བྱས་ཚེ་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་རེད། སླད་ཕྱིན་གྱི་ལས་ཀའི་ཁྲོད། ངས་ཏང་ཡོན་ལས་བྱེད་པ་ཞིག་གི་ཐོག་མའི་བསམ་འདུན་དང་ལས་འགན་ཧུར་ཐག་བསྒྲུབས་ནས་མང་ཚོགས་དང་མཉམ་དུ་མཛེས་སྡུག་ལྡན་པའི་སྙེ་མོ་འཛུགས་སྐྲུན་བྱས་ཏེ། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་སྙེ་མོ་རྫོང་ཐོན་མི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་བདེ་སྐྱིད་ཀྱིས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།