ཕ་རི་སིའི་རྒྱལ་ཁ་ཕུ་ཐག་གཅོད། ཨོ་རྩལ་འགྲན་ཚོགས་ཀྱི་ཉམས་འགྱུར་མངོན།
ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་དང་ངོ་ཐུག་གདོང་འཕྲད་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོའི་བོད་ལྗོངས་ས་ཚིགས་ཀྱི་སྒྲོག་འགྲེལ་འགོ་ཚུགས་པ།
ཟླ་7ཚེས་17ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་གཙོ་གཉེར་བྱས་པའི“ཕ་རི་སིའི་རྒྱལ་ཁ་ཕུ་ཐག་གཅོད། ཨོ་རྩལ་འགྲན་ཚོགས་ཀྱི་ཉམས་འགྱུར་ངོམས།——ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་དང་ངོ་ཐུག་གདོང་འཕྲད”ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བོད་ལྗོངས་ས་ཚིགས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་ཐོག་མ་དེ་ཉིང་ཁྲིར་སྤེལ་བ་རེད། ད་ཐེངས་ཀྱི་རྒྱལ་ཡོངས་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་རབ་དང་རིམ་པའི་མཇུག་འགྲིལ་ས་ཚིགས་ཡིན་པའི་ངོས་ནས་ད་ཐེངས་ཀྱི་བྱེད་སྒོར་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་མང་པོ་འཛོམས་པ་སྟེ། མཱ་ལུང་དང་། ལུང་ཏའོ་དབྱི། ལི་ཆན། ཁྲེན་ཆིང་ཁྲེན། ཀུའོ་ཆི་ཆི། ཝང་ལིའུ་དབྱི། ཝང་ཆན་དབྱི་བཅས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་7ཉིང་ཁྲི་གྲོང་ཁྱེར་ཀོང་ཏུང་ཚོད་ལྟའི་སློབ་ཆུང་དུ་སླེབས་པར་དགེ་སློབ་བརྒྱ་ཕྲག་མང་པོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཅིང་ཚང་མས་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་རྣམས་ཀྱི་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ཟབ་མོ་ཚོར་བ་རེད།
སྒྲོག་འགྲེལ་བྱེད་རིང་ཚང་མས་བརྙན་ཤེལ་ཆེན་པོར་ཁ་ཕྱོགས་ནས་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་ཚོས་གསེར་གྱི་རྟགས་མ་བླངས་སྐབས་ཀྱི་ངོ་མཚར་ཆེ་བའི་རྣམ་པར་ལྟ་བ་དང་། སྔ་རྗེས་སུ་ལུང་ཏའོ་དབྱི་དང་། ཝང་ལིའུ་དབྱི། ཝང་ཆན་དབྱི་བཅས་ཀྱིས་ཞུམ་མེད་འབད་འཐབ་བརྒྱུད་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ལེན་སྟེགས་ཐོག་ལངས་པའི་འབད་འཐབ་གཏམ་རྒྱུད་མཉམ་སྤྱོད་བྱས་པར་ཉན་ཞིང་། ས་གནས་ས་ཐོག་ཏུ་ཐལ་མོའི་རྡེབ་སྒྲ་གཅིག་རྗེས་གཉིས་མཐུད་དུ་གྲགས་པ་དང་དགེ་སློབ་ཚོའི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།
ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཚོའི་རེ་བ་ཆུད་ཟོས་སུ་མ་བཏང་བར་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱེད་པ་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་དེ་གར་ཡོད་པའི་དགེ་སློབ་ཚང་མར་ལྕག་སྐུལ་བྱས་པ་དང་ཚང་མར་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་སྟོབས་ཤུགས་བསྣན་ཡོད།
སྒྲོག་འགྲེལ་མཇུག་འགྲིལ་རྗེས། ཕྲུ་གུ་ཚོས་སློབ་སྦྱོང་དང་སྦྱོང་བརྡར་ཁྲོད་འཕྲད་པའི་དཀའ་གནད་དང་སྤྲོ་བ་སྐྱེ་བའི་བརྗོད་གཞི་དང་ཟུང་འབྲེལ་བྱས་ནས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཚོར་དྲི་བ་བཏོན་པར། ཨང་དང་པོ་ཐོབ་མཁན་རྣམས་ཀྱིས་ངང་རྒྱུད་རིང་ཞིང་ནན་ཏན་ངང་ལན་བརྒྱབ་ནས་ཕྲུ་གུ་ཚོའི་སེམས་ཀྱི་དོགས་གཞི་མང་པོ་ཞིག་བསལ་བ་རེད།
“ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཚོས་དཀའ་ངལ་འཕྲད་ན་ངེས་པར་དུ་ཁྱད་དུ་བསད་དེ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། དཀའ་ངལ་ནི་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་ཉག་གཅིག་དེ་ཡིན་པས་རྒྱུན་འཁྱོངས་བྱས་ན་རྒྱལ་ཁ་ཐོབ་ངེས་རེད་ཅེས་ལྕག་སྐུལ་བྱས་བྱུང་། ཕྱིས་སུ་ངས་དཀའ་ངལ་མཐའ་དག་ཁྱད་དུ་བསད་དེ་རང་ཉིད་ཀྱི་དམིགས་ཚད་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་སྐྱོད་ངེས་ཡིན”ཉིང་ཁྲི་གྲོང་ཁྱེར་ཀོང་ཏུང་ཚོད་ལྟའི་སློབ་ཆུང་གི་སློབ་མ་བསམ་གཏན་ལྷ་མོས་སྒྲོག་འགྲེལ་ཉན་རྗེས། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཆུ་མཆོང་སྐྱེས་པའི་ཆ་སྒྲིག་གི་མཐོ་ཚད་སྨི་གསུམ་གྱི་ཨང་དང་པོ་ཐོབ་མཁན་ལུང་ཏའོ་དབྱི་ལ་དྲི་བ་བཏོན་པ་ལས་དྲོ་སྐྱིད་ལྡན་པའི་སྐུལ་ལྕག་ཐོབ་ཡོད།
དེ་རྗེས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཚོས་ཕིང་ཕང་སྤོ་ལོའི་སྒྲོམ་སྟེགས་དང་བྱ་སྒྲོའི་སྤོ་ལོ་ཐང་དུ་བསྐྱོད་དེ་ཕྲུ་གུ་ཚོར་རྒྱག་རྩལ་དམར་ཁྲིད་བྱས་པ་དང་། ལུས་རྩལ་སློབ་གྲྭའི་སློབ་མ་ཚོ་དང་སྤོ་ལོ་འགྲན་བསྡུར་བྱས་པར་ཚང་མས་ལུས་རྩལ་ལས་བྱུང་བའི་སྤྲོ་སྣང་ཟབ་མོ་ཚོར་བ་རེད།
སློབ་ཆུང་སློབ་མ་བློ་བཟང་ཆོས་སྒྲོན་གྱིས་ལག་ཏུ་ཕིང་ཕང་སྤོ་ལོ་རྒྱག་ཆས་ཁྱེར་ཏེ“ང་ཕིང་ཕང་སྤོ་ལོ་རྒྱག་རྒྱུར་ཧ་ཅང་དགའ་པོ་ཡོད། ཕིང་ཕང་སྤོ་ལོ་རྒྱག་ཆས་འདིའི་ཐོག་གཅེན་པོ་མཱ་ལུང་གིས་མིང་རྟགས་བྱུང་བས་དགའ་ཚོར་ཆེན་པོ་སྐྱེས་བྱུང་། ཕྱིས་སུ་ངས་གཅེན་པོ་མཱ་ལུང་མིག་དཔེར་བཟུང་ནས་སློབ་སྦྱོང་ལ་འབད་བརྩོན་དང་ལུས་རྩལ་ལ་ཧུར་ཐག་ཞུགས་ཏེ། རྒྱལ་ཁབ་ལ་ལེགས་སྐྱེལ་འབུལ་མཁན་ཞིག་ཏུ་འགྱུར་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།
ཨོ་རྩལ་འགྲན་ཚོགས་ཀྱི་སྤྲོ་སེམས་སློབ་གྲྭར་རབ་ཏུ་འཕྱུར། ཨང་དང་པོའི་སྙིང་སྟོབས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས། ད་ཐེངས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང་ཏག་ཏག་འཁེལ་ཞིང་། ཟླ་7ཚེས་17ནས་22ཉིན་བར་སྤེལ་རྒྱུ་ཡིན་པ་དང་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་རྣམས་ཉིང་ཁྲི་དང་ལྷ་ས་སོགས་ཀྱི་འབྲེལ་ཡོད་ཁེ་ལས་དང་། གྲོང་གསེབ། སློབ་གྲྭ དཔུང་སྡེ་བཅས་སུ་བསྐྱོད་ནས་སྒྲོག་འགྲེལ་བྱ་རྒྱུ་དང་དེའི་རིང་ད་དུང“ཀྲུང་གོའི་ལུས་རྩལ་བསྐྱར་དུ་ཡང་རྩེར་འཛེགས་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་རྒྱུ་རེད།
ཕུལ་དུ་བྱུང་བའི་ལུས་རྩལ་པ་ཚོས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ངོ་ཐུག་སྤེལ་རེས་གཏིང་ཟབ་བྱས་ཏེ། མིག་དཔེའི་སྟོབས་ཤུགས་བཏོན་ནས་དུས་རབས་གསར་པའི་ཀྲུང་གོའི་ལུས་རྩལ་པའི་འགན་འཁྲི་ཁུར་སེམས་དང་བསམ་པའི་ཉམས་འགྱུར་མངོན་པ་དང་། ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ། མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་རྣམས་སེམས་པ་གཅིག་སྦྲེལ་དང་ཕན་ཚུན་ལྟ་སྐྱོང་བྱེད་པར་སྐུལ་མ་བཏང་ནས། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།