ལོ་སྟོད་དུ་ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་འཕེལ་གྱིི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་པ།
“ལོ་སྟོད་དུ་ཀྲུང་གོའི་དཔལ་འབྱོར་གྱིས་གནོན་ཤུགས་ཁྱད་དུ་བསད་དེ་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་འཕེལ་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད། དེ་ནི་དུས་ཚིགས་གཉིས་པ་ཚུན་རྒྱལ་སྤྱིའི་དུས་བབ་གློ་བུར་དུ་འགྱུར་ལྡོག་ཕྱིན་པ་དང་ཕྱི་ཕྱོགས་ཀྱི་གནོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པའི་གནས་ཚུལ་འོག་ཐོབ་པའི་གྲུབ་འབྲས་ཤིག་ཡིན་པས། རིན་ཐང་ཧ་ཅང་ཆེ་བའི་སྦྱངས་འབྲས་ཤིག་ཡིན་ཞིང་། དེ་ལས་ཀྲུང་གོའི་དཔལ་འབྱོར་གྱི་གནོན་ཤུགས་ཐེག་པའི་ནུས་པ་དང་མཉེན་ཤུགས་ཆེན་པོ་གང་ལེགས་མངོན་ཏེ། ལོ་འཁོར་མོའི་དམིགས་ཚད་ལེགས་གྲུབ་བྱེད་པར་རྨང་གཞི་ཅུང་ལེགས་པོ་ཞིག་བཏིང་ཡོད”ཅེས་ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲེང་ལའེ་ཡུན་གྱིས་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་གནས་ཚུལ་ངོ་སྤྲོད་བྱས།
བརྟན་བརླིང་གི་རྣམ་པ་རྒྱུན་མཐུད་ཐུབ་པ།
ཧྲེང་ལའེ་ཡུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། “ལོ་སྟོད་ལ་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡོད་པ་ནི་དཔལ་འབྱོར་འཁོར་རྒྱུག‘བརྟན་པོ’ཡོད་པ་དེ་རེད” གཞི་ཆེའི་དམིགས་ཚད་ཆེན་པོ་བཞི་ནས་བལྟས་ན། དཔལ་འབྱོར་འཕར་སྣོན་བརྟན་པོའི་ངང་ཅུང་ཟད་འཕར་བ་དེ་ལས་དཔལ་འབྱོར་འཁོར་རྒྱུག“བརྟན་པའི”རྩ་བའི་དགོངས་གཞིར་འགྱུར་བ་བྱུང་མེད་པ་མཚོན་གྱི་ཡོད།
རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)འཕར་ཚད་དེ་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། ཞིབ་རྩིས་རགས་ཙམ་བརྒྱབ་པ་ལྟར་ན། ལོ་སྟོད་དུ་GDPསྒོར་དུང་ཕྱུར་660536ཟིན་ནས་དུས་མཚུངས་ལས་5.3%འཕར་བ་དེ་ན་ནིང་གི་དུས་མཚུངས་དང་ན་ནིང་གི་ལོ་འཁོར་མོའི་ཆ་སྙོམས་ལས་བརྒྱ་ཆའི་གྲངས་0.3འཕར་ཡོད།
ལས་ཞུགས་ཀྱི་དུས་བབ་སྤྱི་ཡོངས་ནས་བརྟན་པོ་ཡོད་ཅིང་། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བརྟག་དཔྱད་བྱས་པའི་ཆ་སྙོམས་གྲངས་ཐང་5.2%ཡིན་པ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.1ཆག་ཡོད།
གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡོད་ཅིང་། ཟླ་6པར་གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་སྟོན་གྲངས(CPI)དུས་མཚུངས་ལས་0.1%འཕར་ཏེ་ཟླ་4བསྟུད་མར་ཆག་རྗེས་བསྐྱར་དུ་འཕར་ཡོད།
རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོད་ཅིང་། ལོ་སྟོད་དུ་རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཀྱིས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་ཕྱི་དངུལ་གསོག་འཇོག་དེ་ཨ་སྒོར་དུང་ཕྱུར་ཁྲི་3.2ཡན་རྒྱུན་འཁྱོངས་ཐུབ་ཡོད།
སྒུལ་ནུས་གསར་པ་གསོག་འཇོག་བྱས་པ།
ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་བ་དང་། ས་གནས་ཁག་གིས་ལག་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་ནས། ཐོན་ལས་གསར་པ་དང་། ལག་རྩལ་གསར་པ། ལས་རྣམ་གསར་པ་བཅས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ཧྲེང་ལའེ་ཡུན་གྱིས“ལོ་སྟོད་དུ་ཐོན་སྐྱེད་ནུས་ཤུགས་གསར་མ་མུ་མཐུད་སྐྱེད་སྲིང་དང་འཚར་ལོངས་མགྱོགས་པོ་ཡོང་བ་བྱས་ཡོད”ཅེས་བརྗོད།
གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་མི་ཆད་པར་ཐོན་ཞིང་། གསར་གཏོད་ལ་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་བས། རང་རྒྱལ་གྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་གྱི་གཏོང་སྒོས་GDPཡི་བསྡུར་གྲངས་ཀྱི་2.7%ཙམ་ཟིན་ཏེ་ཡོ་རོབ་མནའ་འབྲེལ་གྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ནས་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས(OECD)ཀྱི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་དང་འདྲ་པོ་སླེབས་ཡོད། ཟླ་བ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་གོ་ཆོད་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ཁྲི་500ཙམ་ཟིན་ནས་12.8%འཕར་ཡོད།
གསར་དར་ཐོན་ལས་རིམ་གྱིས་འཕེལ་རྒྱས་བྱུང་ཞིང་། ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་ལག་རྩལ་འདུས་ཚད་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་9.5%འཕར་ཡོད། ཟླ་བ་དང་པོ་ནས་ལྔ་པའི་བར་གཞི་ཁྱོན་ཡན་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་10%ཙམ་འཕར་བ་དང་། གསར་གཏོད་ཀྱི་གྲུབ་འབྲས་དང་ཐོན་ལས་མཉམ་འདྲེས་ཀྱིས་ལག་རྩལ་འདུས་ཚད་མཐོ་བའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད།
གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་གཏོང་བ་དང་། མི་ཐབས་རིག་ནུས་འཕེལ་རྒྱས་མགྱོགས་སུ་གཏོང་བ། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་སྐུལ་འདེད་མྱུར་པོ་གཏོང་བ་བཅས་བྱས་པས། གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་འཕར་ཐང་གིས་GDPཡི་བསྡུར་གྲངས་ཀྱི་10%ཡས་མས་ཟིན་ཏེ་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་ནའང་ཅུང་མཐོ་བ་ཡོད།
ལྗང་མདོག་འཕེལ་རྒྱས་སྤུས་འབྲས་ལེགས་གཉེར་བྱུང་ཞིང་། ལོ་སྟོད་དུ་ནུས་རྒྱུ་གསར་པའི་རླངས་འཁོར་དང་རླངས་འཁོར་ལ་སྤྱོད་པའི་ལིས་གྱེས་རྡུལ་གྱི་སྒུལ་ཤུགས་གློག་རྫས་ཀྱི་ཐོན་རྫས་ཀྱི་ཐོན་འབོར་དེ་དུས་མཚུངས་ལས་36.2%དང་53.3%སོ་སོར་འཕར་བ་དང་། ལྗང་མདོག་ཐོན་ལས་མུ་མཐུད་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
ཐོན་ལས་སྒྱུར་བཀོད་རིམ་སྤར་མགྱོགས་སུ་ཕྱིན་ཞིང་། ས་གནས་ཁག་གིས་སྲོལ་རྒྱུན་ཐོན་ལས་མུ་མཐུད་གསར་སྒྱུར་ལེགས་གཏོང་བྱས་པ་དང་ལྷག་པར་དུ“གཙོ་གལ་གཉིས”དང“རྣམ་གསར་གཉིས”ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་སྒྱུར་བཀོད་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད།
འཁོར་རྒྱུག་བདེ་བླག་ཡོང་བར་བྱས་པ།
ཧྲེང་ལའེ་ཡུན་གྱིས། བསྡོམས་རྩིས་གྲངས་གཞིར་བལྟས་ན། མི་འགྲུལ་དང་། ཟོག་འགྲུལ། མ་དངུལ་འཁོར་རྒྱུག་བཅས་ཚང་མ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། ལོ་སྟོད་དུ་དངོས་ཟོག་འཁོར་རྒྱུག་བྱེད་ཚད་དུས་མཚུངས་ལས་5.1%དང་། འགྲུལ་པ་འཁོར་རྒྱུག་བྱེད་ཚད་དུས་མཚུངས་ལས་4.9%འཕར་ཏེ། ཟླ་6པའི་ཟླ་མཇུག་ཏུ་ཁྱབ་ཆེའི་དངུལ་ལོར་མཁོ་སྤྲོད་བྱེད་ཚད་དུས་མཚུངས་ལས་8.3%འཕར་ཡོད་ཅེས་བརྗོད།
“ལོ་སྟོད་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་24.55ཟིན་ཏེ་དུས་མཚུངས་ལས་5%འཕར་ཡོད། དེའི་ཁྲོད་དུས་ཚིགས་གཉིས་པར་5.4%འཕར་ཏེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.8མགྱོགས་སུ་ཕྱིན་ནས་དུས་ཚིགས་རེ་རེ་བཞིན་མཐོ་རུ་ཕྱིན་ཡོད”ཅེས་ཧྲེང་ལའེ་ཡུན་གྱིས་ངོ་སྤྲོད་བྱས།
ལོ་སྟོད་དུ་ནང་མཁོ་རྒྱ་སྐྱེད་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པའི་སྐུལ་ཁྲིད་འོག་འཛད་སྤྱོད་ཀྱི་ཁྲོམ་ར་འཁྲུག་ཏུ་ཕྱིན་པ་དང་འཕེལ་ཕྱོགས་ལེགས་སུ་ཕྱིན་ཡོད། ནང་མཁོསGDPའཕར་བར་ལེགས་སྐྱེས་འབུལ་ཚད་68.8%ཟིན་ཞིང་། དེའི་ནང་མཐའ་མཇུག་གི་འཛད་སྤྱོད་གཏོང་སྒོས་ལེགས་སྐྱེས་འབུལ་ཚད་52%ཟིན་པ་དང་། ནང་མཁོ་དང་ལྷག་པར་དུ་འཛད་སྤྱོད་དེ་ཉིད་འཕར་སྣོན་ཡོང་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད།
“ལོ་སྨད་དུ་འཛད་སྤྱོད་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་རེད”ཧྲེང་ལའེ་ཡུན་གྱིས་དབྱེ་ཞིབ་བྱས་པ་ལྟར་ན། རང་རྒྱལ་གྱི་མི་རེའི་ཆ་སྙོམས་GDPལོ་གཉིས་བསྟུད་མར་ཨ་སྒོར་ཁྲི་1.3ཡན་དུ་བརྟན་པོའི་ངང་གནས་ཤིང་། འཛད་སྤྱོད་གྲུབ་ཆ་རིམ་སྤོར་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། རིག་གནས་ཡུལ་སྐོར་དང་། སྨན་བཅོས་བདེ་ཐང་། རྒན་གསོ་འཛད་སྤྱོད་བཅས་ཀྱི་བར་མཐོངས་རྒྱ་ཆེ་བ་དང་མི་འབོར་དུང་ཕྱུར་14ལྷག་ཙམ་གྱི་ཁྲོམ་རའི་གཞི་ཁྱོན་གྱི་ལེགས་ཆ་ཧ་ཅང་མངོན་གསལ་དོད་པས། “ས་གནས་ཁག་གིས་ནང་མཁོའི་སྲིད་ཇུས་སྔར་བས་དོན་འཁྱོལ་ཡག་པོ་བྱས་ཏེ་ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་དང་། འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ། སྤུས་ལེགས་ཀྱི་འཛད་སྤྱོད་མཁོ་སྤྲོད་མང་དུ་གཏོང་བ་བཅས་བྱས་ཏེ། འཛད་སྤྱོད་ཀྱི་ཁྲོམ་ར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས”
འབྲེལ་ཡོད་གསར་འགྱུར།