ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེན་ཅིན་དུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཐེན་ཅིན་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཝང་དབྱིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་24སོང་རིང་། ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག འཕེལ་རྒྱས་ཀྱི་རྣམ་པ་བརྟན་འཁྱོངས་ཡར་འཕེལ་དང་། མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད། རྒྱལ་སྤྱིའི་སྙན་གྲགས་རྒྱུན་ཆད་མེད་པར་མཐོར་འདེགས། འཐབ་ཇུས་ཀྱི་རིན་ཐང་སྔར་བས་མངོན་གསལ་བཅས་ཕྱིན་ནས། ཁོངས་མིའི་རྒྱལ་ཁབ་ཀྱིས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བློས་འགེལ་ཆོག་པའི་རྒྱབ་རྟེན་དུ་གྱུར་ཡོད་ཅེས་གསུངས་པ་རེད།
ཝང་དབྱིས། མིག་སྔར། ལོ་བརྒྱའི་འགྱུར་ལྡོག་རིམ་བཞིན་མགྱོགས་སུ་ཕྱིན་པ་དང་ཡོ་ལང་དང་འཕོ་འགྱུར་མཉམ་འདྲེས་མཉམ་འགུལ་གྱི་ཚུལ་དུ་གནས་ཡོད་ལ། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་འཕེལ་རྒྱས་གཏིང་ཟབ་བྱུང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སྟོབས་ཆེར་ཕྱིན་ཡོད། དེ་དང་ཆབས་ཅིག་བཙན་དབང་དང་བཙན་ཤེད་བྱ་ལོག་སྤྱོད་ལོག་དང་། སྲུང་སྐྱོང་རིང་ལུགས་ཀྱི་ལྡོག་རྒྱུན་འཕྱུར་ནས། ས་ཁུལ་གྱི་གདོང་ཐུག་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོད། དུས་བབ་གསར་པའི་འོག ཁོངས་མིའི་རྒྱལ་ཁབ་ཀྱིས་ལོ་རྒྱུས་དང་འབྱུང་འགྱུར་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་དེ་བས་ཆགས་པར་བྱེད་དགོས་ཞེས་གསུངས་པ་རེད།
ཝང་དབྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུཌ་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཐད་གྲོས་འགོ་ལྔ་བཏོན་པ་སྟེ། གཅིག་ནི་ཐོག་མའི་བསམ་འདུན་མ་བརྗེད་པར“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་དགོས་པ་དང་། གཉིས་ནི་བདེ་འཇགས་དང་ཉེན་ཁ་མཉམ་ཁུར་གྱིས་བདེ་འཇགས་ཀྱི་རྨང་རྡོ་སྲ་བརྟན་དུ་གཏོང་དགོས་པ། གསུམ་ནི་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་སྐུལ་འདེད་གཏོང་དགོས་པ། བཞི་ནི་མཚེས་མཐུན་འགྲོགས་འདྲིས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས་པ། ལྔ་ནི་ཡང་དག་པའི་ལམ་བུ་བརྟན་སྲུང་བྱས་ནས་དྲང་གཞག་དྲང་བདེན་སྲུང་སྐྱོབ་བྱེད་དགོས་པ་བཅས་རེད།
ཚོགས་ཞུགས་ཕྱོགས་ཁག་གིས་ཀྲུང་གོ་ཕྱོགས་ཀྱིས་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་ཕུལ་དུ་བྱུང་བའི་ལས་དོན་དང་ཐོབ་པའི་དགེ་མཚན་ལྡན་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་བྱས་ནས་ཐེན་ཅིན་དབུ་ཚོགས་ཐུན་མོང་ཐོག་ཡག་པོ་གཉེར་འདོད་ཡོད་ཅེས་བརྗོད་པ་རེད།
ཝང་དབྱི་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེ་མོ་ཡེར་མེ་ཁེ་པཱ་ཡེ་ཧྥུའུ་ཡིས་ཚོགས་འདུ་གྲོལ་རྗེས་གསར་འགོད་པ་དང་མཇལ་འཕྲད་གནང་བ་རེད། ཝང་དབྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ཟླ་8ཚེས་31ཉིན་ནས་ཟླ་9ཚེས་1ཉིན་བར་ཐེན་ཅིན་དུ་འཚོག་རྒྱུ་རེད། སྐབས་དེར་རྒྱལ་ཁབ་20ལྷག་ཙམ་གྱི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་10ཡི་འགན་འཁུར་བ་དབུ་ཚོགས་ཀྱི་འབྲེལ་ཡོད་བྱེད་སྒོར་ཞུགས་རྒྱུ་རེད་ཅེས་ཁྱབ་བསྒྲགས་གནང་བ་རེད།
ཚོགས་འདུའི་ཐོག་ཐེན་ཅིན་དབུ་ཚོགས་ལ་ཕྱོགས་ཡོངས་ནས་གྲ་སྒྲིག་བྱས་པ་དང་། གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཐེན་ཅིན་བསྒྲཌ་གཏམ་གྱི་འཆར་ཟིན་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འབྱུང་འགྱུར་ལོ་བཅུའི་འཕེལ་རྒྱས་འཐབ་ཇུས་ཀྱི་འཆར་ཟིན་སོགས་གྲོས་ཆོད་མང་པོ་ལ་མིང་རྟགས་བཀོད་པ་རེད།
འབྲེལ་ཡོད་གསར་འགྱུར།