མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས“འོད་ཤུགས་དང་། སྐྱེ་ཁམས། ཞིང་འབྲོག་ལས”བཅས་ཟུང་དུ་འབྲེལ་ནས་ཐང་རྒོད་བཅོས་སྐྱོང་བྱས་པ།
ས་མཐོའི་མྱ་ངམ་ཐང་སྔོ་ལྗང་གོས་ཀྱིས་བརྒྱན་པ།
འདི་ནི་འོད་ཤུགས་ཤེལ་ལེབ་འོག་ཏུ་ལུག་ཁྱུས་བག་ཕེབས་ངང་རྩྭ་ཟ་བཞིན་པ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་གཤོང་སར་བཏུལ་ཐང་ཟེར་བའི་ས་ཆ་ཞིག་ཡོད། དེ་གར་སླེབས་མ་ཐག་མིག་ལམ་དུ་འཆར་བ་ནི་ནོར་ལུག་ཁྱུ་ལྗང་མདོག་གི་རྩྭ་ཐང་སྟེང་དུ་མུ་ཏིག་གི་ཕྲ་རྒྱན་བཏབ་པ་བཞིན་གང་འདོད་དུ་རྩྭ་ཟ་བཞིན་ཡོད་པ་དང་། དེའི་འགྲམ་དུ་འོད་ཤུགས་ཤེལ་ལེབ་སྔོན་པོ་ཡུག་གཅིག་རྒྱང་རིང་དུ་བསྲིངས།
བཏུལ་ཐང་དུ་ཐན་པ་བསྟན་པ་དང་ཆར་ཆུ་ཉུང་བའི་ཁར། ལོ་རེའི་ཆ་སྙོམས་རླངས་པར་འགྱུར་ཚད་དེ་ལོ་རེའི་ཆར་ཆུ་འབབ་ཚད་ལས་ཆེས་ཆེར་མཐོ་བས། ཐང་རྒོད་ཅན་དུ་འགྱུར་ཚད་98.5%ཟིན་ཡོད། འོན་ཀྱང་ད་ཆ་བཏུལ་ཐང་གི་ཁ་དོག་དེ་སྔའི་ཁམ་མདོག་ནས་སྔོ་ལྗང་འདྲེས་མར་གྱུར་ཡོད། ཐང་རྒོད་སྔོ་ལྗོངས་སུ་ཇི་ལྟར་འགྱུར་བ་རེད་དམ། དྲིས་ལན་དེ་རིམ་པ་སྟར་ཆགས་ཀྱི་འོད་ཤུགས་ཤེལ་ལེབ་འོག་ཏུ་ཡོད།
ཐང་རྒོད་དུ་འོད་ཤུགས་ཤེལ་ལེབ་བཙུགས་པ་དང་ཤེལ་ལེབ་འོག་ཏུ་རྩྭ་བཏབ་པ།
ཚྭ་རྔ་འགག་ཆུ་མཛོད་ཀྱི་འགྲམ་དུ་རྒྱ་མཚོ་ལྟར་ཡངས་པའི་འོད་ཤུགས་ཤེལ་ལེབ་ཡོད། ཉིན་དགུང་གསེར་ཆེན་རྫོང་ཐེ་ཀེ་ཤང་ཧོ་ལི་སི་ཞོལ་མ་གྲོང་ཚོའི་གྲོང་མི་ལི་ཆི་ཞང་སོགས་ཀྱིས་ལུག་ཁྱུ་སྐྱེ་ཁམས་འབྲོག་ར་ནས་དེད་འོང་སྐབས་ལུག་ཁྱུ་འོད་ཤུགས་ཤེལ་ལེབ་འོག་ཏུ་ཤོར་སོང་།
ལི་ཆི་ཞང་གིས“ཉིན་དགུང་འོད་ཤུགས་ཤེལ་ལེབ་ཀྱིས་ཉི་འོད་སྒྲིབ་ཀྱི་ཡོད་པས། ལུག་ཁྱུ་མང་ཆེ་བ་འོད་ཤུགས་ཤེལ་ལེབ་འོག་ཏུ་རྩྭ་ཟ་འདོད་བྱེད་ཀྱི་འདུག འདི་གའི་རྩྭ་ལོ་མཇུག་བར་འདང་གི་ཡོད”ཅེས་བཤད།
“ང་ཚོའི་གྲོང་ཚོ་ནི་འབྲོག་ལས་གཙོ་བོ་ཡིན་པས་ལུག་འཚོ་མཁན་མང་པོ་ཡོད། སྔོན་ཆད་ཉེ་འགྲམ་གྱི་རྩྭ་ལུག་ཁྱུར་འདང་གི་མེད་པས་ལུག་ཁྱུ་རྒྱང་རིང་ལ་འདེད་དགོས་པ་དང་། རྗེས་སུ་རྒྱང་རིང་གི་རྩྭ་ཡང་མི་འདང་བས། དགོང་མོར་གཟན་ཆས་ཁ་གསབ་བྱེད་དགོས་བྱུང་། རྩྭ་རའི་བོགས་དངུལ་དང་གཟན་ཆས་ཀྱི་མ་གནས་ཀྱང་མི་ཉུང་བ་ཞིག་འཕར་འདུག རང་བྱུང་རྩྭ་ར་དང་བར་ཐག་རིང་བ་དང་གསོ་སྤེལ་མ་གནས་མཐོ་རུ་ཕྱིན་པས། ཁྱིམ་དུ་ནོར་ལུག་20ལྷག་ཙམ་ལས་ལྷག་མེད”ཅེས་ལི་ཆི་ཞང་གིས་བཤད།
ཉེ་བའི་ལོ་འགའི་རིང་དཀའ་གནད་དེ་དག་གཞི་ནས་ཞི་ལྷོད་དུ་སོང་ཞིང་། མཚོ་ལྷོ་ཀྲོའུ་ཡི་ཉི་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་བཏུལ་ཐང་གི་ས་བབ་ཡངས་ཤིང་བལྟོས་བཅས་ཀྱིས་སྙོམས་པས། འོད་ཤུགས་དང་རླུང་ཤུགས་སོགས་ནུས་རྒྱུ་གསར་པ་འཕེལ་རྒྱས་གཏོང་རྒྱུར་ཧ་ཅང་འཚམ་པོ་ཡོད། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་2011ལོར་བཏུལ་ཐང་དུ་འོད་ཤུགས་གློག་འདོན་གླིང་གསར་སྤེལ་འཛུགས་སྐྲུན་བྱས། དུས་དེ་ནས་བཟུང་མཚོ་སྔོན་གྱིས་གཞུང་ཁོངས་ཁེ་ལས་མང་པོ་ཞིག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ལོ་བཅུ་ལྷག་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད། ཆན་ཝ་ཁྲི་སྟོང་རིམ་པའི་ཉི་ནུས་སྐྱེ་ཁམས་གློག་འདོན་གླིང་བསྐྲུན་པ་རེད། 2024ལོའི་ལོ་མཇུག་བར་གླིང་ཁུལ་དུ་འོད་ཤུགས་ཁེ་ལས་68བཅའ་སྡོད་བྱས་པ་དང་འོད་ཤུགས་དྲ་སྦྲེལ་གྱི་གློག་འདོན་ཤུགས་ཆན་ཝ་ཁྲི་1773ཟིན་ཡོད། དེས་བསམ་ཡུལ་ལས་འདས་པའི་ཕན་འབྲས་གཞན་ཞིག་ཐོན་པ་ནི་འོད་ཤུགས་ཤེལ་ལེབ་འོག་གི་སྔོ་ལྗོངས་གྲུབ་ཡོད།
འོད་ཤུགས་ཤེལ་ལེབ་འོག་རྩྭ་བཟང་པོ་དེ་འདྲ་སྐྱེ་དོན་ཅི་ཡིན།
“སྔོན་ཆད་བཏུལ་ཐང་དུ་རྩི་ཤིང་འདེབས་དགོས་བསམས་ནས་ཐབས་ཤེས་མང་པོ་བཏང་མྱོང་མོད། འོན་ཀྱང་གཅིག་ནས་ཆུ་དཀོན་པ་དང་། གཉིས་ནས་ལྷགས་པ་ཆེ་བས། ཐན་འགོག་རྩི་ཤིང་མང་པོ་ཚོད་ལྟ་བྱས་ཀྱང་ཕན་འབྲས་ཅི་ཡང་ཐོན་མེད། སྡོང་རྐང་10བཏབ་པའི་དབང་དུ་བཏང་ན། ལོ་གཉིས་ཀྱི་རྗེས་སུ་རྐང་གཅིག་གཉིས་གསོན་ཚེ་རབ་རེད། ད་ཆ་འོད་ཤུགས་ཤེལ་ལེབ་དེ་དག་གིས་རླུང་འགོག་དང་། བྱེ་འགོག བྱེ་བརྟན་བཅས་བྱེད་ཐུབ་ཀྱི་འདུག འོད་ཤུགས་གློག་འདོན་བྱེད་པའི་བརྒྱུད་རིམ་ནང་ཆུ་ཐིགས་ཆགས་སྲིད། འོད་ཤུགས་ཤེལ་ལེབ་འཁྲུ་བར་ཡང་ཆུ་དགོས་ཀྱི་ཡོད། དེའི་ཁར་འོད་ཤུགས་ཤེལ་ལེབ་ཀྱིས་ས་ངོས་བཀག་པས་རླངས་པར་འགྱུར་ཚད་ཆེས་ཆེར་ཉུང་དུ་ཕྱིན་ཡོད། ཆུ་ཡོད་པ་དང་ལྷགས་པ་ཆུང་དུ་སོང་བས་རྩྭ་རང་བཞིན་གྱིས་སྐྱེ་ཐུབ”ཅེས་ཧོ་ལི་སི་ཞོལ་མ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཁྲེན་ལི་ཧུང་གིས་བཤད།
འབྲོག་ལས་དང་འོད་ཤུགས་ཕན་ཚུན་གསབ་རེས་ཀྱི་ཕན་འབྲས་རིམ་བཞིན་མངོན་པ།
རྩྭ་སྟུག་ཏུ་སོང་བ་དེས་སྐབས་ཤིག་རིང་འོད་ཤུགས་གློག་ཁང་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད། ཁྲེན་ལི་ཧུང་གིས“དང་ཐོག་ང་ཚོས་ཐང་རྒོད་ཇེ་ལྗང་དུ་སོང་བ་མཐོང་སྐབས། སེམས་ནང་དགའ་ཚོར་ཆེན་པོ་བྱུང་། འོན་ཀྱང་རྩྭ་སྟུག་དྲགས་པའི་དབང་གིས་གློག་འདོན་ལས་ཆོད་ལ་ཤུགས་རྐྱེན་བཟོ་གི་འདུག དགུན་ཁར་རྩྭ་སྐམ་ཞིང་སྟུག་པས། མེ་སྐྱོན་གྱི་ཉེན་ཁ་ཡང་ཆེན་པོ་འདུག”ཅེས་བཤད། སྐབས་དེ་དུས་གླིང་ཁུལ་གྱི་འོད་ཤུགས་ཁེ་ལས་ཀྱིས་ད་དུང་དངུལ་བཏང་ནས་རྩྭ་རྔ་མཁན་གླ་དགོས་ཀྱི་ཡོད།
2020ལོར་དཀའ་གནད་དེ་ཐག་གཅོད་བྱེད་པའི་ཇུས་གཞི་རྙེད་ཅིང་། མཚོ་ལྷོ་ཀྲོའུ་ཡིས“འབྲོག་ལས་དང་འོད་ཤུགས་ཕན་ཚུན་གསབ་རེས་བྱེད་ལམ”འཚོལ་ཞིབ་བྱས་ནས་ཧོ་ལེ་སི་ཞོལ་མ་གྲོང་ཚོར་ཚོད་ལྟ་ཁག་དང་པོ་བྱས་ཏེ་འོད་ཤུགས་གླིང་དུ་སྐྱེ་ཁམས་འབྲོག་ར་6བསྐྲུན། ཁྲེན་ལི་ཧུང་གིས“ལུག་ཚང་དང་ཆུ་འཐུང་ས་ཚང་མ་ཚང་སོང་། ལུག་ཁྱུ་དག་ཉིན་མོ་འོད་ཤུགས་ཤེལ་ལེབ་འོག་ཏུ་རྩྭ་ཟ་བར་འགྲོ་ཆོག་པ་དང་དགོང་མོ་ལུག་ཚང་དུ་ལོག་རྒྱུ་ཡོད། དེས་མ་ཚད་དགོང་མོ་ཁྱིམ་དུ་ཡང་འདེད་དགོས་མི་འདུག རིལ་མས་གྲོང་ཚོའི་རྣམ་པར་ཤུགས་རྐྱེན་མི་ཐེབས་པར་མ་ཟད། ད་དུང་འོད་ཤུགས་གླིང་གི་རྩྭ་རར་ཡང་རང་བྱུང་ལུད་བྱུང་ཡོད”ཅེས་བཤད།
“ད་ཆ་གྲོང་ཚོའི་ལུག་4000ལྷག་ཙམ་གླིང་ཁུལ་དུ་གློད་ཀྱི་ཡོད། ང་ཚོས་ལུག་གླིང་ཁུལ་ཕྱི་རོལ་གྱི་རྩྭ་ར་ནས་གླིང་ཁུལ་ནང་དུ་དེད་ན་འགྲིག་པས། འགྲོ་སོང་གང་ཡང་གཏོང་མི་དགོས”ཞེས་ལི་ཆི་ཞང་གིས་བཤད།
བསྡོམས་རྩིས་ལྟར་ན། བཏུལ་ཐང་འོད་ཤུགས་གླིང་གི་མུའུ་རེའི་རྩྭའི་ཐོན་ཚད་སྤྱི་རྒྱ་174ཟིན་པ་དང་ལོ་རེར་རྩྭའི་ཐོན་ཚད་ཏུན་ཁྲི་11.8ཟིན་ནས། ལུག་ཁྲི་20ཡི་གཟན་རྩྭའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། རང་བྱུང་གི་རྩྭ་སོས་པ་ཟ་བའི“འོད་ཤུགས་ལུག”གི་ཤ་སྤུས་དག་པས། ཁྲོམ་རར་དགའ་བསུ་ཆེན་པོ་ཐོབ་ཡོད།
“བྱེ་ཐང་དང་གྲམ་ཐང”བཅོས་སྐྱོང་བྱས་པས་ལྗང་མདོག་ཡོངས་སུ་ཁྱབ་པ།
བཏུལ་ཐང་གི་འགྱུར་ལྡོག་དེས་མཚོ་སྔོན་གྱིས་ཐང་རྒོད་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་ཉམས་མྱོང་མཁོ་འདོན་བྱས་ཡོད།
ཟི་ལིང་ནས་ལྷོ་ཕྱོགས་དང་ནུབ་ཕྱོགས་སུ་འཕུར་ཚེ། སྨི་ཁྲི་ཡི་བར་སྣང་ནས་བཏུལ་ཐང་གི་རྒྱ་མཚོ་ལྟར་གྱི་འོད་ཤུགས་ཤེལ་ལེབ་སྔོན་པོ་དེས་མི་རྣམས་ལ་ཧང་སངས་དགོས་པའི་སྣང་བ་ཞིག་སྦྱིན་གྱི་ཡོད། འོད་ཤུགས་གླིང་དུ་བསྐྱོད་ཚེ། སྣུམ་ནག་ལམ་ཡངས་ཤིང་རྒྱ་ཆེ་ལ་ལམ་འགྲམ་གཉིས་སུ་ལྗོན་ཤིང་སྟར་ཆགས་སུ་བཏབ་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་ལྷོ་ཀྲོའུ་ཡིས་བཏུལ་ཐང་འོད་ཤུགས་གླིང་དུ་ནགས་བཟོ་སྔོ་འགྱུར་ལག་བསྟར་བྱས་ཏེ། གླིང་ཁུལ་དུ་རླུང་འགོག་བྱེ་བརྟན་དང་འགྲོ་ལམ་ལྗོངས་གཟིགས་ནགས་ཚལ་བསྐྲུན་པ་མ་ཟད། གཞི་ཁྱོན་ཆེ་བའི་སྦྱར་པ་དང་རྒྱ་ལྕང་སོགས་ལྗོན་ཤིང་བཏབ་པས། གླིང་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད་80%ཡན་དུ་མཐོ་རུ་ཕྱིན་ཡོད།
མཚོ་ལྷོ་ཀྲོའུ་རང་བྱུང་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་ཧོ་ཤང་ལུང་གིས“‘འོད་ཤུགས་དང་། སྐྱེ་ཁམས། ཞིང་འབྲོག་ལས’བཅས་ཟུང་དུ་འབྲེལ་བ་རྣམ་པ་བརྒྱུད། འོད་ཤུགས་ཀྱིས་བྱེ་བཅོས་དང་འོད་ཤེལ་་འོག་གི་དམངས་ཕྱུག་གི་དམིགས་ཚད་མངོན་འགྱུར་བྱུང་ནས་བཏུལ་ཐང་འདི་ཉིད‘ལྗང་མདོག་གི་ནོར་གཞོང’ལྟ་བུར་གྱུར་ཡོད། དེའི་ཐོག་བྱེ་འགོག་ནགས་བརྟན་སོགས་ཀྱི་སྐྱེ་ཁམས་རྣམ་གྲངས་ལག་བསྟར་བྱས་པ་ལས་ན་ནིང་ལོ་མཇུག་ཏུ་བཏུལ་ཐང་གི་སྐྱེ་ཁམས་བཅོས་སྐྱོང་རྒྱ་ཁྱོན་མུའུ་ཁྲི་38ཟིན་པས། ས་མཐོའི་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད”ཅེས་བཤད།
གྲངས་གཞི་ལས་མངོན་པར། མཚོ་སྔོན་ཞིང་ཆེན་གྱིས་2024ལོར་བྱེ་འགོག་བྱེ་བཅོས་མུའུ་ཁྲི་149བྱས་པ་དང་། རྩྭ་ཐང་ཉམས་གསོ་བཅོས་སྐྱོང་མུའུ་ཁྲི་470བྱས་པ། ནགས་རྩྭའི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་60%ཡན་ཟིན་པས། ཐང་རྒོད་ཅན་དང་བྱེ་ཐང་ཅན་གཉིས་ཀ་ཉུང་དུ་སོང་ཡོད། 2024ལོར་གསེར་ཆེན་རྫོང་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་3445.35ཟིན་པ་དེའི་ནང་འོད་ཤུགས་ཐོན་ལས་14ཡིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཁྱབ་པའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་600ལས་བརྒལ་ཡོད།
འབྲེལ་ཡོད་གསར་འགྱུར།