བོད་ཀྱིས་ཡུལ་ནད་འགོག་བཅོས་ཤུགས་ཆེན་བྱས་པར་ཕན་འབྲས་བཟང་པོ་ཐོན་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཐུམ་འབུའི་ནད་སོགས་ཡུལ་ནད་འགོག་བཅོས་ཤུགས་ཆེན་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད།
བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོར་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། 2023ལོ་དང་2024ལོར་ལྗོངས་ཡོངས་ཀྱི་མང་ཚོགས་ཁྲི་170ལྷག་ཙམ་ལ་གྲལ་བཤེར་དང་། མི་ཐེངས་6000ལྷག་ཙམ་ལ་སྨན་རྫས་སྤྲད་ནས་སྨན་བཅོས། མི་675ལ་གཤགས་བཅོས་བཅས་བྱས་པ་མ་ཟད། ནད་པར་ཡིག་ཚགས་བཟོས་ནས་དོ་དམ་བྱེད་ཚད་100%ཟིན་ཡོད། འབྱུང་རྩ་ནས་ཁྱིར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྩྭ་ཐང་གི་ཨ་བྲའི་གནོད་འཚེ་འགོག་བཅོས། ནད་པར་བརྟག་དཔྱད་སྨན་བཅོས་ཀྱི་དོ་དམ་ཚད་ལྡན་བཟོ་བ་སོགས་ཀྱི་བྱེད་ཐབས་སྤྱད་པར་བརྟེན། ཐུམ་འབུའི་ནད་ཕོག་པའི་ནད་པ་2022ལོའི་0.21%ནས་0.16%བར་ཆག་ཡོད།
བོད་ཀྱི་བྱིས་པར་ལྷན་སྐྱེས་སྙིང་ནད་ཕོག་མང་བས། “ནད་པ་གཅིག་ཤེས་རྟོགས་ཐུབ་ན་སྐྱོབ་བཅོས་གཅིག”བྱེད་པའི་རྩ་དོན་ལ་གཞིགས་ནས་ལྗོངས་ནང་ཁུལ་དུ་སྐྱོབ་བཅོས་དམིགས་བཙུགས་སྨན་ཁང་3ནས་5བར་མང་དུ་བཏང་བ་དང་བྱིས་པ་ནད་པར་གྲལ་བཤེར་བྱས་ནས་སྐྱོབ་བཅོས་བྱ་རྒྱུ་རྒྱུན་ལྡན་ཅན་དང་ཚད་ལྡན་ཅན་དུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཟུགས་པོར་བརྟག་དཔྱད་བྱེད་པའི་བྱ་སྤྱོད་རྒྱ་ཁྱབ་ཏུ་སྤེལ་ཡོད། 2025ལོར་བོད་དུ་གཟུགས་པོར་བརྟག་དཔྱད་བྱེད་པའི་མི་རེའི་ཆ་སྙོམས་ཁ་གསབ་མ་དངུལ་སྒོར་164བར་མཐོ་རུ་བཏང་བ་དང་། ལོ་65ཡན་གྱི་མི་ཚོགས་ལ་སྒོར་200ཟིན་ཡོད། བོད་ཀྱིས་སྐྱ་འགྲིབ་གྲལ་བཤེར་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་65ཡན་གྱི་གྲོང་མིའི་གཟུགས་གཞི་བརྟག་དཔྱད་སྐབས། ངེས་པར་དུ་གྲལ་བཤེར་བྱེད་དགོས་པའི་རྣམ་གྲངས་ནང་བཅུག་པ་དང་། ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ནས་སྨན་བཅོས་འགན་བཅོལ་རྩིས་ཞུ་བྱས་རྗེས་ཀྱི་གཤགས་བཅོས་དངུལ་འགན་ལེན་བྱས་པ། 2023ལོའི་ཚུན་ལྗོངས་ནང་ཁུལ་དུ་སྐྱ་འགྲིབ་སྐྱོབ་བཅོས་དམིགས་བཙུགས་སྨན་ཁང་35ནས་45བར་མང་དུ་ཕྱིན་ཞིང་། རིམ་རྩིས་བརྒྱབ་ན་སྐྱ་འགྲིབ་ཕོག་མཁན་ནད་པ་ཁྲི་2.2ལ་གཤགས་བཅོས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།