དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་དེ་སྔའི་རྒྱུན་ཨུ་དང་། རིག་གནས་དང་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཝུའུ་དབྱིང་ཅེས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-18

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་16ཉིན། པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གསུམ་པས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་དེ་སྔའི་རྒྱུན་ཨུ་དང་། རིག་གནས་དང་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཝུའུ་དབྱིང་ཅེས་ལྐོག་རྔན་བླངས་པའི་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཞུ་སྦྱོར་ཕྱི་མ་ཝུའུ་དབྱིང་ཅེས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་སྲོག་ཐོག་གཏོང་རྒྱུ་དང་། ལོ་གཉིས་ནར་འགྱངས་བྱ་རྒྱུ། ཚེ་གང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རྒྱུ་མ་ཟད་མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ། གྱོད་ཐོར་འཁོད་པའི་ཝུའུ་དབྱིང་ཅེའི་ལྐོག་རྔན་བླངས་པའི་རྒྱུ་ནོར་ཚང་མ་དང་དེའི་སྐྱེད་འཕེལ་བདའ་འདེད་བཏང་ནས་ཁྲིམས་ལྟར་རྒྱལ་མཛོད་དུ་འཇུག་རྒྱུ། མ་འདང་བའི་ཆ་རྣམས་མུ་མཐུད་ནས་བདའ་འདེད་གཏོང་རྒྱུ་བཅས་རེད།

    འདྲི་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར། 2006ལོའི་ཟླ་6པ་ནས་2021ལོའི་ཟླ་2པའི་བར་ཞུ་སྦྱོར་ཕྱི་མ་ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་བཅས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་གཞུང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཏང་ཨུད་ཀྱི་ཧྲུའུ་ཅི་སོགས་ཀྱི་འགན་འཁུར་སྐབས། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ལས་གྲྭ་འགན་གཙང་ལེན་སྤྲོད་དང་ཁེ་ལས་གཉེར་སྐྱོང་སོགས་ལ་རོགས་རམ་བྱས་ཏེ། མི་དམངས་ཤོག་སྒོར་དུང་ཕྱུར་3.43ལྷག་ཙམ་རི་བའི་རྒྱུ་ནོར་ཁྲིམས་འགལ་ངང་བླངས་ཡོད། པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གསུམ་པས་ཞུ་སྦྱོར་ཕྱི་མ་ཝུའུ་དབྱིང་ཅེས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་ཁྲིམས་ལྟར་ཆད་པ་གཅོད་དགོས་པའི་ངོས་འཛིན་བྱས་པ་རེད། ཝུའུ་དབྱིང་ཅེས་ལྐོག་རྔན་བླངས་པའི་དངུལ་འབོར་ཧ་ཅང་མང་བ་དང་། ཉེས་གསོག་གི་གནས་ཚུལ་ཧ་ཅང་ཚབས་ཆེ་བ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཧ་ཅང་ངན་པས། རྒྱལ་ཁབ་དང་མི་དམངས་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས་ཡོད། དེར་བརྟེན་ཉེས་པར་གཞིགས་ན་སྲོག་ཐོག་གི་ཆད་པ་གཅོད་དགོས་ངེས་རེད། ཡིན་ནའང་ཝུའུ་དབྱིང་ཅེས་མི་གཞན་གྱི་ཁྲིམས་འགལ་ཉེས་གསོག་གི་དོགས་གཞིའི་ཁུངས་སྣེ་ཐེར་འདོན་བྱས་པར་ཞིབ་བཤེར་བྱས་རྗེས་དོན་དངོས་ཡིན་སྟབས་བྱས་རྗེས་ཆེན་པོ་བཞག་པར་བརྩི་ཆོག ད་དུང་ལྐོག་རྔན་ལེན་པའི་ཉེས་པ་གསོག་སྐབས་བྱས་ཉེས་མ་གྲུབ་པའི་གནས་ཚུལ་ཡོད་པ་མ་ཟད། ཁྲིམས་ལ་སྦྱར་རྗེས་ཁོ་པས་ནག་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་དང་། ལྟ་ཞིབ་ལས་ཁུངས་ཀྱིས་ད་དུང་ཤེས་རྟོགས་མ་བྱུང་བའི་ལྐོག་རྔན་བླངས་པའི་ནག་ཉེས་མང་པོ་རང་འགུལ་ངང་ངོས་ལེན་ཞུས་པ། རང་ཉེས་ངོས་ལེན་དང་རང་ཉེས་འགྱོད་བཤགས་བྱས་པ། ལྐོག་རྔན་བླངས་པའི་རྒྱུ་ནོར་ཕྱིར་ཧུར་ཐག་བསློགས་པ། ལྐོག་རྔན་བླངས་པའི་རྒྱུ་ནོར་དང་དེའི་སྐྱེད་འཕེལ་མང་ཆེ་བ་བདའ་འདེད་བྱས་ཟིན་པར་བརྟེན། ཁྲིམས་བབ་གཉིས་ཀ་ནས་ཉེས་པ་ཆག་ཡང་གཏོང་རྒྱུའི་གནས་ཚུལ་ལྡན་ཡོད་པས། ཁོ་པ་སྲོག་ཐོག་གཏོང་རྒྱུ་ཡིན་པ་གང་ཞིག་འཕྲལ་དུ་ལག་བསྟར་མ་བྱས་ན་ཆོག ཁྲིམས་རས་གོང་གསལ་གྱི་ཁྲིམས་ཐག་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།