དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱི་པའི་ས་སྟོང་ལེགས་པར་སྤྱད། དམངས་འཚོའི་བདེ་རྩ་ཆེ་རུ་བཏང་།

    ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་རྔ་ཆེན་སྡེ་ཁུལ་གྱིས་བེད་མེད་ས་ཆར་གྲོང་མིའི་ལུས་སྦྱོང་ཁུལ་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-18

    ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་རྔ་ཆེན་སྡེ་ཁུལ་གྱི་གསར་བརྗེའི་དྲ་མིག(སྒང་སྟོད་ཁུལ་ཆུང་དང་དཔལ་རོང་ཁུལ་ཆུང་)ལུས་སྦྱོང་ཁུལ་དུ་གྲོང་མིས་ལུས་སྦྱོང་ཡོ་བྱད་གསར་རྐྱང་15སྤྱད་དེ་སྦྱོང་བརྡར་བྱེད་བཞིན་ཡོད།

    རྒྱ་ཁྱོན་སྨི་ངོས་གྲུ་200ཙམ་བཟུང་བའི་ལུས་སྦྱོང་ས་ཁོངས་སུ་ལོ་ན་མི་འདྲ་བའི་དགོས་མཁོར་དམིགས་པའི་ལུས་སྦྱོང་ཡོ་བྱད་སྣ་ཚོགས་ཡོད་དེ། རྒན་རྒོན་ལ་འཚམ་པའི་རྐེད་སྐོར་དང་རྐྱང་གདང་སོགས་དང་། བྱིས་པས་དགའ་པོ་བྱེད་པའི་ཏི་ཏི་ཀུ་ཀུ་དང་འཛེག་སྒྲོམ་སོགས་ཡོད། ཞོགས་པའི་ཆུ་ཚོད་6པའི་ཐའེ་ཅི་དྲག་རྩལ་ནས་ས་སྲོད་ཀྱི་ཕ་མ་དང་བུ་ཕྲུག་གི་མཉམ་འགུལ་རྩེད་མོ་བར་དང་། ཡང་གཟའ་མཇུག་ཏུ་ཁྱིམ་མཚེས་དབར་གྱི་ཅི་འཕྲོས་མོལ་འཕྲོས་བྱེད་ས་བར། སྒང་སྟོད་ཁུལ་ཆུང་དང་དཔལ་རོང་ཁུལ་ཆུང་གི་ལུས་སྦྱོང་ཁུལ་དུ་ཉིན་རེར་ཆ་སྙོམས་མི་100ལས་བརྒལ་ཞིང་། དེ་ནི་མི་རྣམས་དགའ་ཤོས་བྱེད་སའི་སྤྱི་པའི་བར་མཐོངས་སུ་གྱུར་ཡོད།

    རྔ་ཆེན་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བློ་བཟང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་མིའི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་ལུས་སྦྱོང་སྒྲིག་ཆས་ཀྱི་དགོས་མཁོ་ཡང་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། དེར་བརྟེན་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ལུས་སྦྱོང་ཁུལ་བསྐྲུན་རྒྱུ་དེ“མང་ཚོགས་ཀྱི་དོན་དངོས”ཀྱི་གཙོ་གནད་རྣམ་གྲངས་སུ་བརྩིས་ཏེ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་བརྟེན་ནས། ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་པ་དང་། དྲ་མིག་པ་ཨང་14བདེ་དཔལ་དང་དྲ་མིག་པ་ཨང་15སྒྲོལ་དཀར་གྱིས་སྣེ་ཁྲིད་ནས་སྐུལ་འདེད་བཏང་བ་རེད། “ང་ཚོས་ཟླ་བ་ལྔའི་དུས་ཚོད་སྤྱད་དེ་སྒང་སྟོད་ཁུལ་ཆུང་དང་དཔལ་རོང་ཁུལ་ཆུང་གི་ས་སྟོང་ཚང་མར་ཚད་འཇལ་དང་དཀར་ཆར་ཚོད་སྐོར་དང་བདེ་འཇགས་ལ་རིགས་པས་ཁུངས་སྐྱེལ་བྱས་ཏེ་མཐར་ས་སྟོང་དེ་གཉིས་འཛུགས་སྐྲུན་ས་ཚིགས་སུ་བདམས་ནས་ལུས་སྦྱོང་ཁུལ་བསྐྲུན་པ་ཡིན”

    གཞན་ཡང་། སྡེ་ཁུལ་གྱིས་ལུས་སྦྱོང་ཁུལ་དུ་མི་མང་བར་དམིགས་ཏེ། དེའི་མཐའ་འཁོར་དུ་སྲིད་ཇུས་དྲིལ་བསྒྲགས་ཡིག་སྒྲོམ་བཙུགས་ནས་དུས་བཀག་ལྟར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། དམངས་ཕན་སྲིད་ཇུས་ཀྱི་འགྲེལ་བཤད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱ་བཅས་གསར་བརྗེས་བྱས་པ་དང་། སྲོལ་རྒྱུན་དུས་ཆེན་དང་དུས་ཚིགས་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ“ལུས་སྦྱོང་དང་དྲིལ་བསྒྲགས་ཟུང་འབྲེལ”གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་ཁ་བསླུས་སྔོན་འགོག་གི་ཤེས་བྱ་སོགས་ཀྱི་ནང་དོན་དེའི་ནང་མཉམ་འདྲེས་བྱས་ཡོད།

    རྔ་ཆེན་སྡེ་ཁུལ་དུ་ལུས་སྦྱོང་ཁུལ་གཉིས་བསྐྲུན་པ་དེས“ལུས་སྦྱོང་དཀའ་བའི”མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་གཞི་རིམ་བཅོས་སྐྱོང་གི་ནུས་པར་ཡང་གསལ་བཤད་བྱས་ཏེ། དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་གནས་འཕྲོད་ལས་འཚམ་གྱི་ས་མཐོའི་གྲོང་ཁྱེར་གྱི་སྡེ་ཁུལ་འཛུགས་སྐྲུན་བྱེད་པར་གསོན་ཉམས་དོད་པའི་དཔེ་མཚོན་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།