དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། མཐའ་སྟོབས་མཐའ་སྲུང་འཛིང་རགས་བྲག་ལས་བརྟན།
གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་རྫོང་དགའ་གྲོང་རྡལ་ཤག་གྲོང་ཚོའི་དུས་རབས་གསར་པའི་གཉིས་བཀུར་ལས་དོན་གྱི་སྐོར་བཀོད་པ།
རི་བོ་ཧི་མ་ལ་ཡའི་རི་རྒྱུད་དང་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་རྫོང་དགའ་གྲོང་རྡལ་གྱི་ལྷོ་ནུབ་ཕྱོགས་སུ་ས་བབ་སྨི་4100ཟིན་པའི་མཐའ་མཚམས་གྲོང་ཚོ་ཞིག་ཡོད་པ་ནི་ཤག་གྲོང་ཚོ་རེད། འདི་ག་ནས་ནེ་པ་ལའི་བར་རི་བོ་གཅིག་གིས་ཆོད་ཡོད་པ་དང་། མཐའ་མཚམས་ཀྱི་ལམ་ཐིག་སྤྱི་ལེ་15ཟིན་པ་དང་ཕྱི་ཕྱོགས་སུ་འགྲོ་བའི་ལུང་མདོ་གཉིས་སྲུང་བཞིན་ཡོད། དུས་ཡུན་རིང་པོའི་ནང་ཤག་གྲོང་ཚོས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བཅའ་སྡོད་དཔོན་དམག་དང་ཕྱར་བ་གྲུ་འདེགས་དང་། མཐའ་སྲུང་སྲ་བརྟན། འཕེལ་རྒྱས་དོན་གཉེར་བཅས་བྱས་ནས་དུས་རབས་གསར་པའི་དམག་དམངས་མཐུན་སྒྲིལ་དང་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་གྱི་མི་སེམས་འགུལ་བའི་ལེའུ་བརྩམས་ཡོད།
བསམ་བློའི་རྨང་གཞི་བརྟན་དུ་བཏང་ནས་མཐའ་སྲུང་གི་ལྷག་བསམ་ལྡན་པར་བྱས་པ།
ཤག་གྲོང་ཚོའི་ཏང་ཀྲི་པུས་བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་སྟེ། ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་བ་དང་། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་གྱི་བསམ་བློའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཡོད།
གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ནས་ལོ་43སོང་བའི་ཀུན་བཟང་ནི་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་གཞི་རིམ་སྒྲོག་འགྲེལ་པ་ཡིན་ཞིང་། ཁོང་གིས་ཏང་གཅེས་རྒྱལ་གཅེས་དང་མཐའ་སྲུང་མཐའ་སྐྱོང་སྐོར་གྱི་སློབ་གསོ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་སློབ་སྦྱོང་གི་རྣམ་པ་གསར་གཏོད་བྱས་ཏེ། གྲོང་ཚོ་དང་། འབྲོག་ར། མཐའ་མཚམས་ཀྱི་སྐོར་གཡེང་ལམ་ཐིག་བཅས་སུ་སློབ་ཚན་འཚོཌ་པ་དང་། གྲོང་མི་དང་ལས་སྒྲུབ་དཔོན་དམག་ཚོའི་སྣེ་ཁྲིད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། མི་རིགས་སྲིད་ཇུས། རྒྱལ་ཁབ་བདེ་འཇགས་ཤེས་བྱ་བཅས་སློབ་སྦྱོང་ཏན་ཏིག་བྱས་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་རྒྱུན་མཐུད་བརྟན་དུ་བཏང་ཡོད།
དུས་ཡུན་རིང་པོའི་ནང་། རྒྱལ་སྲུང་སློབ་གསོའི་གཡུལ་ས་གལ་ཆེན་རྫོང་དགའ་གྲོང་རྡལ་མཐའ་མཚམས་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་གྲོང་ཚོར་མངགས་ནས་རྒྱལ་སྲུང་སློབ་གསོ་རྒྱུན་གཏན་གྱི་འཚོ་བ་དང་མཉམ་འདྲེས་ཐུབ་པར་བྱས་ཤིང་། ཁོང་ཚོས་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་གྲོང་མིའི་ཁྱིམ་དུ་བསྐྱོད་དེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཅིག་སྡུད་སྒྲོག་འགྲེལ་བྱས་ནས་མཐའ་སྲུང་བསམ་བློ་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། གཞན་ཡང་། གཞོན་ནུ་ལོ་ཆུང་གི་ཚོགས་སྤྱིར་དམིགས་ཏེ་དབྱར་དགུན་གཉིས་ཀྱི་གུང་གསེང་རིང་རྒྱལ་གཅེས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་བཀོད་སྒྲིག་བྱས་པ་མ་ཟད། སློབ་མ་ཚོ་སྒྲིག་འཛུགས་བྱས་ནས་ལམ་ཐག་ཐུང་བའི་མཐའ་མཚམས་སྐོར་གཡེང་བྱས་ཏེ་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་མི་རབས་རྗེས་མའི་སེམས་སུ་རྩ་བ་ཚུཌ་པར་བྱས་ཡོད།
དམངས་འཚོ་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་མཐའ་སྲུང་གི་རྨང་གཞི་བརྟན་དུ་བཏང་བ།
2018ལོར་རྒྱལ་ལམ་216དང་ཤག་གྲོང་ཚོ་སྦྲེལ་མཐུད་ཀྱི་ཨར་འདམ་ལམ་སྐྲུན་འགོ་ཚུགས་ཤིང་། བགྲོད་ལམ་་དེས་འགྲོ་འོང་ལ་སྟབས་བདེ་བསྐྲུན་པ་མ་ཟད། འབབ་འཕར་ཡོང་གཞི་གསར་པ་ཞིག་ཏུ་གྱུར་ཡོད། རྫོང་དགའ་གྲོང་རྡལ་གྱིས་ཤག་གྲོང་ཚོ་སོགས་གྲོང་ཚོ་དང་གྲོང་ལྷན་གྱི་གྲོང་མི་སྒྲིག་འཛུཌ་ཀྱིས་ཚོགས་སྒྲིག་རྣམ་པའི་ངལ་ནུས་ཕྱིར་གཏོང་བྱས་ཏེ་ཡོང་འབབ་འཕར་སྣོན་ཡོང་བར་བྱས་ཡོད། རྫོང་དུ་བཅའ་སྡོད་མཐའ་སྲུང་རུ་ཆེན་དང་དྲག་ཆས་པུའི་དཔོན་དམག་ཀྱང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། སྤྱི་ལེ་12ཟིན་པའི“དམག་དམངས་མཉམ་སྐྲུན་ལམ”མཉམ་དུ་བསྐྲུན་པ་རེད།
མཐའ་མཚམས་སུ་གནས་པའི་ཤག་གྲོང་ཚོར་མཚོན་ན་མཐའ་མཚམས་ཚོང་དོན་ནི་གྲོང་ཚོའི་འབབ་འཕར་གྱི་ཐབས་ལམ་གལ་ཆེན་ཞིག་རེད། 2018ལོར་བསྐྲུན་པའི་ཤག་གྲོང་ཚོའི་མཐའ་མཚམས་ཚོང་དོན་ཁྲོམ་རས་ལོ་དེར་གྲོང་ཚོ་ཡོངས་ཀྱི་དུད་ཚང་22ཀྱི་མི་104ལ་ལོར་མི་རེར་ཆ་སྙོམས་འབབ་འཕར་སྒོར་2500ཡོང་བར་སྐུལ་ཁྲིད་བྱས་ཡོད། 2024ལོའི་ཟླ་5པར་མཐའ་མཚམས་ཚོང་དོན་ས་ཚིགས་སླར་ཡང་སྒོ་ཕྱེ་བ་དང་། ཐེངས་གཉིས་ལ་ཉིན་32སྒོ་ཕྱེ་བར་ཚོང་དོན་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་261.5ཟིན་ཡོད།
གཉིས་བཀུར་མཉམ་སྐྲུན་གཏིང་ཟབ་ཏུ་བཏང་ནས་མཐའ་སྲུང་གི་མཉམ་ཤུགས་ཆགས་པར་བྱས་པ།
བཅའ་སྡོད་དཔོན་དམག་ཚོས་བཅའ་སྡོད་བྱ་ཡུལ་དེ་རང་ཉིད་ཀྱི་ཕ་ཡུལ་དང་འདི་གའི་མང་ཚོགས་རྣམས་རང་གི་གཉེན་ཉེ་ལྟ་བུར་བརྩི་ཡི་ཡོད། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཆབས་ཅིག་ཏུ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་བྱེད་པའི་ལས་དོན་ཁྲོད། དཔོན་དམག་ཚོས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རང་འགུལ་ངང་ཆ་སྒྲིག་རོགས་སྐྱོར་བྱས་ནས་དྲོ་སྐྱིད་སྦྱིན་པ་མ་ཟད། དཀའ་ངལ་སེལ་རོགས་ཀྱང་བྱས་ཡོད། ཤག་གྲོང་ཚོའི་མཐའ་སྲུང་རྒན་རྒོན་ཚེ་རིང་ལ་དཔོན་དམག་ཚོས་ལོ་བཞི་ཡི་རིང་རྒྱུན་མཐུད་རོགས་རམ་བྱས་ཤིང་། དཔོན་དམག་ཚོས་ཁོང་ལ་དུས་བཀག་ལྟར་ལྟ་བ་དང་། གཙང་སྦྲ་བྱེད་རོགས་བྱེད་པ། དངོས་ཟོག་སྐྱེལ་བ། དཀའ་ངལ་སེལ་རོགས་བཅས་བྱས་ཏེ“མི་དམངས་དམག་དཔུང་མི་དམངས་ཀྱི་ཆེད་དུ་ཡིན”ཞེས་པ་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།
རྫོང་དགའ་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་གཉིས་བཀུར་མཉམ་སྐྲུན་བྱེད་པ་དེ་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ཏེ་རྒྱུན་གཏན་ནས་དམ་འཛིན་ལྷོད་མེད་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། དམག་འཛུགས་དུས་ཆེན་སོགས་མཚམས་ཚིགས་གལ་ཆེན་ཚང་མར་བཅའ་སྡོད་དཔུང་སྡེར་འཚམས་འདྲི་བྱེད་པ་དང་དམག་དཔུང་དང་ས་གནས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་མ་ཟད། དཔུང་སྡེའི་དཀའ་ངལ་ཡང་སེལ་རོགས་ཧུར་ཐག་བྱས་པ་དང་། འབྲི་གཡག་300ལྷག་ཙམ་ལ་བརྟེན་ནས་དངོས་ཟོག་སྐྱེལ་རོགས་བྱས་ཏེ་དམག་དམངས་མཐུན་སྒྲིལ་གྱི་བྱ་གཞག་མང་པོ་བསྒྲུབས་ཡོད།
འབྲེལ་ཡོད་གསར་འགྱུར།