དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཁྲུང་ཆིང་དང་། ཧྥུའུ་ཅན། ཐེན་ཅིན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས།

    བརྩེ་སེམས་ཟབ་མོས་ལས་ལ་འབད། “བོད་ཤར་མུ་ཏིག”བཀྲག་མདངས་འཚེར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-18

    ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་སྟེང་ཆེན་རྫོང་དུ་བསྐྲུན་པའི“ཆུ་དང་། གློག གསོ་རླུང་། དྲོད་རླངས། དྲ་བ”བཅས་ཕྱོགས་ལྔ་གཞི་གཅིག་གི་བར་སྣང་གྲུ་ཚང་གི་ཞག་སྡོད་བྱ་ཡུལ་ཡིན་པ།

    ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ཐུན་མོང་ཐོག་བྲིས་པའི་མི་རིཌ་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་རི་མོ་ཡིན་པ།

    ཐེན་ཅིན་གྱི་ས་འོག་ལྕགས་ལམ་དུ“མཛེས་སྡུག་ལྡན་པའི་ཆབ་མདོ”དྲིལ་བསྒྲགས་འོས་སྦྱོར་བྱེད་པ།

    དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

    “དཀའ་ཚེགས་ཆེ་བའི་ཁུལ”དུ་ཚེ་སྲོག་སྲུང་སྐྱོབ་བྱ་རྒྱུ་ནི་བོད་སྐྱོར་སྨན་པའི་འགྱུར་མེད་ཀྱི་དམ་བཅའ་ཡིན། ད་ལོའི་ཟླ་4པར“ཁྲུང་ཆིང་དང་བོད་ལྗོངས་བརྩེ་བ་ཟབ་ཅེས་པའི་བྱ་སྤྱོད”ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྤེལ་ལ། ཁྲུང་ཆིང་གསོ་རིག་སློབ་ཆེན་ཁོངས་གཏོགས་ཀྱི་སྨན་ཁང་དང་པོའི་རུས་ནད་ཚན་ཁག་གི་ཀྲུའུ་རེན་དང་དགེ་རྒན་ཆེ་མོ་བ་ཧོང་ཝེ་ཡིས་ཚོགས་པ་ཁྲིད་དེ་རུས་ཚིགས་ནད་པ་10ལ་རིན་མེད་ངང་རུས་ཚིགས་བརྗེ་བའི་གཤགས་བཅོས་བྱས།

    དེ་ནི་ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཆབ་མདོའི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བའི་བསྡུས་རིས་ཤིག་རེད། ལོ་གསུམ་རིང་། ཁྲུང་ཆིང་གྲོང་ཁྱེར་གྱི་སྨན་བཅོས་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཚོས་ཧུར་ཐག་བསྐྲུན་པའི“ལྟེ་གནས་ཆེན་པོ་ལྔའི”ཕན་འབྲས་ཉིན་རེ་བཞིན་མངོན་པ་སྟེ། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་བྲང་ནད་ཟུག་འཇོམས་ལྟེ་གནས་ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་པ་དང་། གཟའ་གྲིབ་ལྟེ་གནས་བོད་ཤར་རྒྱུད་ཀྱི“རྒྱལ་མཚོན་མིང་ཅན”ཁག་དང་པོར་གྱུར་ལ། རྨས་སྐྱོན་ལྟེ་གནས་རྒྱལ་ཁབ་ཀྱི་སྐྱོབ་བཅོས་མནའ་འབྲེལ་ནང་ཞུགས་པ་བཅས་རེད། ཆུ་ཚད་མཐོ་བའི་ལྟེ་གནས་དེ་དག་བཙུགས་པ་ལས་གནད་སྨིན་སྨན་བཅོས་ལ་སྟེགས་བུའི་འདེགས་སྐྱོར་དང་ལག་རྩལ་གྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། “ཁྲུང་ཆིང་དང་བོད་ལྗོངས་བརྩེ་བ་ཟབ”ཅེས་པའི་འོས་འགན་སྨན་བཅོས་རབ་དང་རིམ་པས་མང་ཚོགས་ཁྲི་2.3ལ་སྨན་བཅོས་བྱས་པ་དང་། སྨན་རིན་མི་དགོས་པར་གཤགས་བཅོས་ཐེངས་900ཙམ་བྱས་ཏེ་ནད་པའི་སྨན་རིན་སྒོར་ཁྲི་1800གྲོན་ཆུང་ཐུབ་ཡོད།

    ཧྥུའུ་ཅན་ཞིང་ཆེན་སྨན་བཅོས་བོད་སྐྱོར་ལས་བྱེད་ཤེས་ལྡན་པས“སན་མིང་སྨན་བཅོས་སྒྱུར་བཅོས”བྱེད་ཐབས་དྲངས་ནས་ལྷོ་རོང་རྫོང་ས་མཐོའི་སྨན་བཅོས་སྒྱུར་བཅོས་ཀྱི་དཔེ་མཚོན་དུ་བཏོད་པ་དང་འབྲེལ། “རྒྱལ་ཁབ་ཀྱི་དམ་ཚགས་རྣམ་པའི་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་གྱི་དཔེ་མཚོན”ལ་བདམས་ཡོད། དེ་བས་ཀྱང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་ནི། ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་གི་ཕྲུ་གུ་དམར་འབྱར་འཆི་ཚད་17.32‰ནས་2.94‰བར་ཆག་པ་དང་། སྦྲུམ་མ་འཆི་ཚད་ཁྲི་བཅུ་ཡི་ནང་ནས་168ཤི་བ་ནས་ཁྲི་བཅུ་ཡི་ནང་ནས་8.41བར་ཆག་ལ། སྨན་ཁང་དུ་ཕྲུ་གུ་བཙའ་ཚད་7%ནས་98.46%བར་འཕར་བ་རེད།

    ཐེན་ཅིན་གྲོང་ཁྱེར་སྨན་བཅོས་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ཆབ་མདོའི་སྨན་བཅོས་ལོ་རྒྱུས་ཀྱི“ཐེངས་དང་པོ”བསྟུད་མར་བཏོད་པ་སྟེ། མྱུར་སྐྱོབ་རང་བཞིན་གྱི་རྙོག་འཛིང་ཆེ་བའི་ལོང་གའི་གཤགས་བཅོས་ཐོག་མར་བྱས་པ་དང་། པུས་ཚིགས་བརྗེ་བའི་གཤགས་བཅོས་ཐོག་མར་ལེགས་གྲུབ་བྱུང་ཡོད། ལོ་34ལ་སླེབས་པའི་ནད་པ་ཞིག་ལ་མཐོང་དཀོན་པའི་ནད་ཅིག་ཕོག་པའི་རྐྱེན་གྱིས་ཚེ་གང་དབང་པོ་སྐྱོན་ཅན་ལ་འགྱུར་ཉེན་ཡོད། ཐེན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཁྲེན་དབྱང་དང་། ཝང་ཁྲའོ། ཝང་རུན་ཐའོ་སོགས་སྨན་པའི་འབད་བརྩོན་འོག་གཤགས་བཅོས་བདེ་བླག་བྱུང་སྟེ་ཆབ་མདོ་སྨན་རྩིས་ཁང་གི་ལག་རྩལ་དེའི་ཐད་ཀྱི་སྟོང་ཆ་གསབ་ཡོད།

    བདེ་སྐྱིད་ནི་ཚེ་སྲོག་སྲུང་སྐྱོབ་བྱེད་པ་ལས་བྱུང་བ་ཞིག་ཡིན་ལ། ཕུགས་བསམ་གྱི་རྒྱུན་བསྐྱངས་པ་ལས་བྱུང་བ་ཡང་ཡིན། སློབ་གསོ་བོད་སྐྱོར་གྱིས་ཆབ་མདོའི་ཕྲུ་གུ་ཚོའི་འབྱུང་འགྱུར་ལ་རེ་བ་སྦྱིན་ཡོད།

    ཁྲུང་ཆིང་གིས་སློབ་གསོའི་རོགས་སྐྱོར་བྱེད་སྟངས་གསར་གཏོད་བྱས་ཏེ་རང་རྟེན་རྣམ་པའི་མ་ལག་བསྐྲུན་པ་དང་། སི་ཁྲོན་གྱི“སྤྲིན་ཚོམ་སློབ་གྲྭའི”སྤུས་ལེགས་ཐོན་ཁུངས་ཆབ་མདོའི་མཐོ་རིམ་སློབ་འབྲིང་6ལ་ཁྱོན་ཡོངས་ནས་ཁྱབ་སྟེ་དགེ་སློབ་ཁྲི་1.7ལ་ཕན་པ་ཐོབ་ཡོད། “ཤེས་ལྡན་པ་གཅིག་སྡུད་དང་། སེམས་པ་ས་མཐོར་ཕྱོགས་པའི”འོས་སྦྱོར་བྱེད་སྒོ་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་ཏེ་སློབ་གསོ་དང་། སྨན་བཅོས། འཆར་འགོད་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ཤེས་ལྡན་པ་188ནང་འདྲེན་བྱས་ཡོད། “ཆབ་མདོས་དཀའ་གནད་འདོན་པ་དང་། ཁྲུང་ཆིང་གིས་ལས་འགན་ཁག་བགོས། རིགས་གཅིག་མཁས་ཅན་གྱིས་དང་ལེན”བཅས་བྱས་ཏེ་རིགས་གཅིག་མཁས་ཅན་དང་མཁས་དབང་430སྒྲིག་འཛུགས་བྱས་ནས་བོད་དུ་སློབ་ཁྲིད་མཛུབ་ཁྲིད་བྱེད་པར་མངགས་ཡོད། དཀའ་སྤྱད་ལས་ལ་འབྲས་བཟང་སྨིན་པ་སྟེ། ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་དངོས་གཞིའི་ཚན་ཁག་གི་ཡིག་རྒྱུགས་ཀྱི་སྐར་གྲངས་ལོན་ཚད་2022ལོའི་36%ནས་2024ལོའི་42.7%བར་འཕར་ཡོད། ཁ་རུབ་ཆུས་དམའ་རིམ་སློབ་འབྲིང་གཉིས་པའི་སློབ་མ་ལོ་6བསྟུད་མར་བོད་ལྗོངས་འཛིན་གྲྭར་ཚུད་མཁན་མང་ཤོས་སུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།