བོད་ཀྱི་ཞིང་སྐྱོར་སྙན་སྒྲོན་པ་དང་ཁོང་གི་ལོ་ལེགས་སྙན་དབྱངས།
འདི་ནི་ཞ་ཡུས(དཀྱིལ)ཀྱིས་ཚོགས་པའི་ལས་དོན་པའི་སྣེ་ཁྲིད་དེ་སྙི་བ་ཉོ་བཞིན་པ།
འདི་ནི“སྣང་རྫོང་གི་སུར་པན་དུས་ཆེན”རིང་ཞ་ཡུས(གཡས)ཀྱིས་ཞིང་དུད་དང་མཉམ་དུ་སུར་པན་འཐུ་བཞིན་པ།
བོད་ཆས་གྱོན་པའི་ཞ་ཡུས་དང་བོད་རིགས་ཨ་ཅག དེ་བཞིན་ལས་རོགས་བཅས་ཀྱིས་ཕྱི་རོལ་དུ་ཐད་གཏོང་བྱས་ནས་ཉིང་ཁྲིའི་མོག་རོ་ངོ་སྤྲོད་བྱེད་བཞིན་ཡོད་པ་དང་། ཐད་གཏོང་བརྒྱུད་ཞིང་ཞོར་ཐོན་ཟོག་འཚོང་བ་ནི་ཞ་ཡུས་ཚོགས་པའི་ཞིང་སྐྱོར་ཐད་གཏོང་གི་རྒྱུན་གཏན་གྱི་ལས་ཀ་རེད་ལ། གངས་ལྗོངས་ས་མཐོའི་གྲོང་གསེབ་དར་རྒྱས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས“བོད་ཀྱི་ཐོན་རྫས་འོས་སྦྱོར་བྱེད་མཁན་ཡག་ཤོས”ཀྱི་མཚན་སྙན་སྤྲད་པ་དང་ཉིང་ཁྲི་ཤིང་ཧོ་ཙང་ཧའེ་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སིའི“སྙན་སྒྲོན་པ་ཡག་ཤོས”ཡིན་པའི་ཞ་ཡུས་ཀྱིས་དུས་ཐུང་ལོ་གཉིས་ནང་མི་35ལས་གྲུབ་པའི་ཆེད་ལས་ཀྱི་ཐད་གཏོང་ཚོགས་པ་ཞིག་བཙུགས་ནས། གངས་ལྗོངས་ས་མཐོར་བོད་ཀྱི་ཞིང་ལས་ཁྱད་ལྡན་ཐོན་ཟོག་དང་རྒྱལ་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་འབྲེལ་མཐུད་ཀྱི་དྲ་རྒྱའི་སྦྲེལ་ཟམ་ཞིག་བསྐྲུན།
སྔོན་ཆད་བོད་ཀྱི་གྲོང་ཚོ་མང་པོར་སྐྱོད་མྱོང་བའི་ཡུལ་སྐོར་སྙན་སྒྲོན་པ་དེ་ལོ་གསུམ་གོང་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དུ་སྨན་རྩྭ་འཐུ་བཞིན་པའི་བགྲེས་སོང་ཞིག་དང་འཕྲད། བགྲེས་སོང་གིས་སྒལ་པར་སླེལ་པོ་ཁུར་ཡོད་པ་དང་། སླེལ་པོའི་ནང་གི་རྩ་ཆེའི་བོད་ཀྱི་སྡོང་ཕུང་སྨན་རྩྭ་ཉོ་མཁན་ཚོང་པར་བཙོངས་པར་སྒོར་ཙག་ཁ་ཤས་ལས་རག་མེད། “ཅ་ལག་ཡག་པོ་དེ་འདྲ་མི་དེ་བས་མང་བས་མཐོང་ཐུབ་པ་བྱེད་དགོས”སྙམ་ཞིང་། བསམ་བློ་དེ་ས་བོན་ཇི་བཞིན་ཞ་ཡུས་ཀྱི་སེམས་ཀྱི་ཞིང་སར་རྩ་བ་ཚུགས་ནས་མྱུ་གུ་འབུས་འགོ་ཚུགས།
2023ལོར་ཉིང་ཁྲི་ཤིང་ཧོ་ཙང་ཧའེ་རིག་གནས་བསམ་བཀོད་ཚད་ཡོད་ཀུང་སི་བཙུགས་ཤིང་། ཞ་ཡུས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་ཉིང་ཁྲིའི་རྫོང་དང་ཆུས་7དུ་བསྐྱོད་དེ་གངས་རིའི་འདབས་རོལ་དང་མུ་མཐའ་མེད་པའི་སྤང་ལྗོངས་སྟེང་རྩྭ་ཆུར་ཅི་དགར་རོལ་བའི་འབྲི་གཡག་དང་། གདོད་མའི་ནགས་ཚལ་ཁྲོད་ཀྱི་སྐྱེ་འཚར་ལེགས་པའི་ཀོ་ཤ། ནས་ཞིང་གི་རོལ་ཁའི་ནང་ཟས་འཚོལ་བར་བྲེལ་བའི་ཕག་པ་སོགས་བརྙན་དུ་བླངས། ཁོང་ཚོས་དེ་དག་རྒྱུ་ཆར་བྱས་ནས་བརྙན་ཐུང་བཟོས་ཏེ་དྲ་ཐོག་ཏུ་བསྐུར་བར་དོ་ཁུར་ཆེན་པོ་ཐོབ་ནས་བརྙན་ཐུང་ལྟ་མཁན་གྱི་གྲངས་འབོར་ཡང་ཁྲི་བརྒྱ་གྲངས་ཟིན་ཡོད།
“འཛད་སྤྱོད་པས་ཉོ་བ་ནི་ཞིང་ལས་ཐོན་རྫས་ཙམ་མིན་པར་གངས་ལྗོངས་ས་མཐོའི་སྐྱེ་སྟོབས་རེད”དེ་ནི་ཞ་ཡུས་ཀྱིས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད། ཁོང་གིས་ཡུལ་བབ་དང་བསྟུན་ནས་ཉིང་ཁྲིར“ལྗོངས་རྣམ་ཅན་གྱི་ཐད་གཏོང”ཐེངས་མང་བྱས་པ་སྟེ། ཡར་ཀླུང་གཙང་པོའི་རོང་ཆེན་ལ་པེ་ཤ་འཐུ་བ་དང་། རི་བོ་གནམ་ལྕགས་འབར་བའི་འདབས་རོལ་དུ་བོད་ཕག་བཙོས་མའི་རྒྱ་ཁོག་ཟ་བ། ལོ་ངོ་སྟོང་གི་སྟར་སྡོང་འོག་ནས་གནའ་བོའི་སྟར་སྡོང་གི་ལོ་རྒྱུས་གླེང་བ་སོགས་ཐད་གཏོང་བྱས་པ་དང་། ཐད་གཏོང་བྱེད་སྟངས་དེ་རིགས་ཀྱིས་བོད་ཀྱི་ཞིང་འབྲོག་ཐོན་ཟོག་སྐྱེ་འཚར་ནས་འཐུ་བའི་བར་གྱི་བརྒྱུད་རིམ་ལྟད་མོ་བ་ཚོས་ཤེས་རྟོགས་ཐུབ་པར་བྱས་པས་ཐོན་རྫས་ཀྱི་རིན་གོང་འཕར་བར་མཐུན་རྐྱེན་བཟང་པོ་བསྐྲུན་ཏེ། ཀོ་ཤ་དཀར་པོ་དང་། ཁ་ཆེ་ཤ་སྐམ། བོད་ཀྱི་སྲད་དཀར་སོགས་ཀྱི་སྨན་རྒྱུ་ཉོ་མཁན་ཇེ་མང་དུ་སོང་ཡོད།
ཞ་ཡུས་ཀྱི་ཐད་གཏོང་ཁང་གི་ཐོན་རྫས་ཚང་མ་བོད་ཀྱི་རིག་གནས་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན། ཁོང་གིས་ལྟད་མོ་བ་ཚོར་བོད་ཕག་གི་ཤ་བསྙལ་མ་དང་ནས་ཆང་མཉམ་དུ་ཟ་སྟངས་སློབ་པ་དང་། འུན་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས་བསྣམས་པའི་ཇ་སོན་སྐོར་གྱི་གཏམ་རྒྱུད་ཤོད་པ། སྤོས་བཟོ་བའི་བརྒྱུད་རིམ་དག་མངོན་མིན་རིག་གནས་ཤུལ་བཞག་གི་སློབ་ཚན་དུ་བྱས་ནས་ཁྲིད་དེ་ལྟད་མོ་བ་ཚོར་ཐང་ཤིང་དང་ཤུག་པའི་ཡལ་འདབ་དངུལ་ཁོག་ནང་ཞིབ་ཞིབ་བཟོ་བའི་བརྒྱུད་རིམ་སྟོན་པ་མ་ཟད། ཚགས་ཤ་སྐམ་པོ་འདི་ནི་གཉན་ཆེན་ཐང་ལའི་རླུང་བུས་བསྐམས་པའི་མཆོག་ནོར་དང་། ས་མཐོའི་མོག་རོ་འདི་ནི་གངས་ཆུས་བརླན་པའི་ཟླ་བ་ནག་པོ་ཡིན་ཞེས་པ་ལ་སོགས་ཐོན་རྫས་ཚང་མར་སྙན་ཞིང་འཇེབས་པའི“ཁ་རྒྱུན་སྙན་ཚིག”ཀྱང་གསར་རྩོམ་བྱས་ཡོད།
“རིག་གནས་ཀྱི་མཐུན་རྐྱེན་ལས་ཐོན་རྫས་ཀྱི་རིན་ཐང་ཁྲོམ་རའི་རིན་གོང་ལས་མཐོ་བ་ཡོད”ཅེས་ཞ་ཡུས་ཀྱིས་གསར་འགོད་པར་བརྗོད་བྱུང་། ཁོང་གིས་2024ལོར“རྫ་ཡུལ་གྱི་ཁམ་བུ་སྨི་ཧོའུ་ཐའོ་ཡི་ཆེད་དོན་བྲིན་ཚོང”བྱེད་སྒོའི་ནང་ཁོང་གི་ཐད་གཏོང་ཚོགས་པས་ཉིང་ཁྲི་གྲོང་ཁྱེར་མཁོ་ཚོང་ཁང་དང་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་མཉམ་དུ“བོད་སྐྱོར་གྱི་ཞིང་སྐྱོར་ཕྱག་རྟགས”ཞེས་པའི་བྱེད་སྒོ་སྤེལ་ནས་ཁམ་བུ་སྨི་ཧོའུ་ཐའོ་དང་། ཐང་གའི་དཔེ་འཛར། གཡག་གི་རྭ་ཅོའི་སྐྲ་ཤད་སོགས་མཉམ་དུ་བསྡེབས་ནས་བཙོངས་པས་བྲིན་ཚོང་དངུལ་འབོར་སྒོར་ཁྲི་120ཡི་ཁེ་བཟང་བཏོད་ཡོད། ལོ་དེ་རང་དུ་ཚོགས་པས“སྣང་རྫོང་གི་གནའ་བོའི་སྟར་སྡོང་གི་སྟར་ཁ་གཅིག་གྱུར་བསྡུ་ཚོང་གི་བྱེད་སྒོ”སྤེལ་བ་དང“སྣང་རྫོང་གི་སུར་པན་དུས་ཆེན”གྱི་བྱེད་སྒོ་གཉེར་འགན་འཁུར་བ་རེད།
2024ལོར་ཞ་ཡུས་ཚོགས་པའི་ཞིང་སྐྱོར་ཐད་གཏོང་གི་བྲིན་ཚོང་དངུལ་འབོར་སྒོར་ཁྲི་3000གི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ་རེད།
“ང་ཚོས་དངོས་ཟོག་འཚོང་བ་ཙམ་མིན་པར་རིག་གནས་སྤེལ་རེས་ཀྱི་ཟམ་པ་ཞིག་སྐྲུན་བཞིན་ཡོད”ཅེས་ཞ་ཡུས་ཀྱིས་བཤད། གངས་ལྗོངས་ས་མཐོར་ནམ་ཡང་མཚམས་མི་འཇོག་པའི“ལོ་ལེགས་དུས་ཆེན”ཞིག་གཏོང་བཞིན་ཡོད། དེ་ནི་གནའ་བོའི་སོ་ནམ་རིག་གནས་དང་དེང་རབས་ཚོང་ལས་ཤེས་དཔལ་གྱི་མཉམ་སྒྲོག་རོལ་དབྱངས་ལྟ་བུ་དང་། གངས་ལྗོངས་རིག་གནས་ཀྱི་གཞི་རྒྱུ་དང་གྲངས་འཛིན་དུས་རབས་ཀྱི་རླབས་རྒྱུན་དང་འགྲོགས་པའི་བྲོ་གར་ཞིག་རེད་ལ། མི་སེར་དཀྱུས་མ་གྲངས་ལས་འདས་པས་འབད་འཐབ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་ལེའུ་བརྩམས་པ་ཞིག་དེ་བས་རེད།
འབྲེལ་ཡོད་གསར་འགྱུར།