དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་རབས་གསར་པར་བསླས་འཐག་ལག་རྩལ་གྱི་བཀྲག་མདངས་རབ་ཏུ་འཚེར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-18

    འདི་ནི“ཨ་ཅག་སྐལ་བཟང་བཟོ་ཁང”གི་ཟུར་ཞིག་ཡིན་པ།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཡིན་པའི་སྣམ་བུ་འཛམ་གླིང་གི་ཁྲོམ་རར་སྐྱོད་པའི“མིང་བྱང་གསར་པར”གྱུར་ཡོད།

    གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོའི“ཨ་ཅག་སྐལ་བཟང་བཟོ་ཁང”དུ་སྐྱོད་སྐབས་འཐག་ཁྲིའི་སྒྲ་ལྷང་ལྷང་དུ་གྲགས་པ་དང་། དེ་ནས་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་མི་སེམས་འགུལ་བའི་ལེའུ་ཞིག་རྩོམ་བཞིན་ཡོད། འདི་གར་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་སྣམ་བུའི་ངོ་མཚར་ཆེ་བའི་འགྱུར་ལྡོག་ཞིག་བརྒྱུད་བཞིན་ཡོད།

    རྒྱལ་རྩེའི་སྣམ་བུ་ནི་ལོ་ངོ་2000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་ཞིག་ཡིན་པ་དང་། དེ་ནི་གངས་ལྗོངས་ས་མཐོར་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་འཁེལ་འཐག་ཐོན་རྫས་ཤིག་རེད། དེ་དག་ལས་རྒྱལ་རྩེ་རྫོང་ནས་ཐོན་པའི་ཤད་མ་སྤུ་ཕྲུག་དེ་ཉིད་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་རྣམ་གྲངས་ནང་དུ་བཅུག

    འོན་ཀྱང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་སྲོལ་རྒྱུན་གྱི་སྣམ་བུར་དཀའ་གནད་མང་པོ་ཞིག་འཕྲད་བཞིན་ཡོད་པ་སྟེ། སྲོལ་རྒྱུན་གྱི་འཐག་ཁྲིའི་ལས་ཕྱོད་དམའ་བ་དང་། ཚོན་མདོག་དང་སྣ་ཁ་རྐྱང་པ་ཡིན་པ། ཁྲོམ་རའི་ལན་ཆ་ཞན་པ། ཆེད་ལས་ཀྱི་སྣམ་བུ་འཐག་མཁན་དཀོན་པ་བཅས་ལས་དེ་སྔ་བརྩི་མཐོང་ཆེ་བའི་གནའ་བོའི་བཟོ་རྩལ་དེ་སྐབས་ཤིག་རིང་འཕེལ་རྒྱས་འགྲོ་དཀའ་བའི་གནས་སུ་གྱར་ནས་ལས་ཞུགས་པའི་ཡོང་འབབ་དམའ་ལ་མདུན་ལམ་ཡང་ཧ་ཅང་ཞན།

    2023ལོ་ནས་གནས་བབ་དེར་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས“ཧྲང་ཧའེ་ཡི་བཟོ་བོ”ཀུའོ་ཤིའུ་ལིང་གིས་སྣེ་ཁྲིད་པའི་ཁུ་ལུའི་སྤུས་རྟགས་ཧུར་ཐག་དྲངས་པས་རྒྱལ་རྩེའི་སྣམ་བུར་རེ་བ་གསར་པ་ཞིག་སྦྱིན། ཀུའོ་ཤིའུ་ལིང་ཚོགས་པས་བོད་དུ་བསྐྱོད་ནས་བརྟག་ཞིབ་དང་གནད་སྨིན་གཏན་འཁེལ་བྱས་ཏེ“གསོན་ཉམས་ལྡན་པའི་རྒྱུན་འཛིན”ལྟེ་བར་བྱས་པའི་སྣམ་བུའི་བསྐྱར་དར་འཆར་གཞི་རབ་དང་རིམ་པ་སྤེལ་འགོ་ཚུགས།

    2023ལོའི་ཟླ་4པར། ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་རྒྱབ་སྐྱོར་འོག་སྐལ་བཟང་སྒྲོལ་མ་ཚུད་པའི་རྒྱལ་རྩེའི་ལག་ཤེས་པ་50ཧྲང་ཧའེ་རུ་བསྐྱོད་ནས་དུས་ཡུན་ཟླ་གཅིག་གི་སྤེལ་རེས་གསོ་སྦྱོང་ནང་ཞུགས་ཏེ་ཕྱིང་གདན་ལག་རྩལ་དང་། སྣམ་བུ་འཆར་འགོད། སྒྲིག་ཆས་བཀོལ་སྤྱོད་སོགས་ཀྱི་རྩལ་ནུས་སྦྱངས་པས་རང་ཚུགས་འཆར་འགོད་དང་འཁེལ་འཐག་ནུས་པ་ཆེ་རུ་ཕྱིན། ལོ་དེའི་ཟླ་5པར། རྒྱལ་རྩེ་རྫོང་གིས་ཀུའོ་ཤིའུ་ལིང་གནས་སའི་ཀུང་སི་དང་མཉམ་ལས་བྱས་ནས“མདུན་དུ་ཚོང་ཁང་དང་རྒྱབ་ཏུ་བཟོ་ཁང”གི་ཆེད་ཞིབ་ཁྱད་ཐོན་གྱི་བྲིན་ཚོང་རྣམ་པ་བཏོད་དེ་གྲོང་ཚོར“ཨ་ཅག་སྐལ་བཟང་བཟོ་ཁང”བཙུཌ་ནས“ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་སྦྲེལ་བའི”འཕེལ་རྒྱས་ཀྱི་རྣམ་པ་འཚོལ་ཞིབ་བྱས། དེ་དང་ཆབས་ཅིག ཧྲང་ཧའེ་རུ་བོད་ཀྱི་སྣམ་བུའི་ཞིབ་སྤེལ་ལྟེ་གནས་བཙུགས་པ་དང་གཞིས་རྩེར་ཧྲང་ཧའེ་བཟོ་བོའི་སྣམ་བུ་ལས་དོན་ཁང་བཙུགས་ནས་གོ་ལ་ཧྲིལ་པོའི་ཕུལ་བྱུང་ཇུས་འགོད་པ་གཅིག་ཏུ་འདུས་ཏེ་སྣམ་བུར་སྐྱེ་སྟོབས་གསར་པ་བསྣན།

    ཀུའོ་ཤིའུ་ལིང་ཚོགས་པས་སྲོལ་རྒྱུན་གྱི་བཟོ་རྩལ་ལ་བློ་ཁོག་ཆེན་པོས་སྒྱུར་བཅོས་བྱས་ནས་འཐག་ཁྲི་གསར་པ་ཞིབ་བཟོ་བྱས་ཏེ་སྲོལ་རྒྱུན་གྱི་འཐག་ཁྲིའི་ལས་ཕྱོད་དམའ་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད་ཚོན་མདོག་ཀྱང་དེ་བས་སྣ་མང་ཕུན་སུམ་ཚོགས་སུ་བཏང་། ཁོང་ཚོས་ད་དུང་མི་རིགས་ཀྱི་ཁྱད་ཆོས་དང་དེང་རབས་ཀྱི་དར་སྲོལ་མཉམ་འདྲེས་གཏིང་ཟབ་བྱས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བརྡ་རྟགས་སོར་ཉར་བྱས་པའི་རྨང་གཞིའི་ཐོག་ཐོན་རྫས་ཀྱི་གོ་ཆོད་ནུས་པ་དང་དར་སྲོལ་གྱི་གཞི་རྒྱུ་བསྣན་ཏེ་སྣམ་བུའི་ཐོན་རྫས་དེང་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་གཞིས་རྩེའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དང་མངོན་མིན་རིག་གནས་ཤུལ་བཞག་གི་སྣམ་བུའི་བཟོ་རྩལ་ཆེད་ལག་རྩལ་གྱི་རིན་ཐང་ཆེ་རུ་བཏང་།

    ཨ་ཅག་སྐལ་བཟང་སྣམ་བུའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་སྐལ་བཟང་སྒྲོལ་མས“དེ་སྔོན་ང་ལྷ་སར་ཡང་འགྲོ་མྱོང་མེད། ད་ལྟ་ཧྲང་ཧའེ་རུ་འགྲོ་རྒྱུ་བྱུང་བ་མ་ཟད་ད་དུང་ཕྱི་རྒྱལ་ལའང་ཕྱིན་པ་ཡིན། སླད་ཕྱིན་ངས་ན་གཞོན་བུད་མེད་དེ་བས་མང་བ་བཟོ་ཁང་དུ་ཞུགས་པར་མུ་མཐུད་སྐུལ་ཁྲིད་བྱས་ནས་ལག་ཤེས་དེ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་སྟེ་ཁོང་ཚོ་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་དང་ཡོང་འབབ་དེ་བས་མང་བ་བསགས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་གི་ཡིན”ཞེས་བཤད།

    ད་ཆ“ཨ་ཅག་སྐལ་བཟང་བཟོ་ཁང”དུ་སྐྱོད་སྐབས་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད། ཨ་ཅག་ཚོས་བྱང་ཆུབ་པའི་འཐག་རྩལ་ལ་བརྟེན་ནས་འཐག་ཁྲི་གསར་པ་སྤྱོད་བཞིན་ཚོན་མདོག་སྣ་ལྔའི་རྒྱུ་སྤུན་གྱིས་སྐེ་དཀྲིས་དང་། སྟོད་ལྷེ། ཨ་ལས་པད་གོག་སོགས་སྣམ་བུའི་ཐོན་རྫས་འཐག་བཞིན་ཡོད། དེ་སྔ་ཡོང་འབབ་མང་པོ་མེད་པའི་ཁོང་ཚོས་ད་ཆ་བྱང་ཆུབ་པའི་འཐག་རྩལ་ལ་བརྟེན་ནས་ཡོང་འབབ་མི་ཉུང་བ་ཞིག་རག་གི་ཡོད། སྐེ་དཀྲིས་བསླ་ཐེངས་རེར་སྒོར་300ཙམ་རག་གི་ཡོད་པ་དང་རི་མོ་མང་བའི་སྣམ་བུར་འཐག་གླ་སྒོར་1200ལྷག་ཙམ་ཟིན་གྱི་ཡོད་པས། ཨ་ཅག་ཁ་ཤས་ཀྱི་ཟླ་རེའི་ཡོང་འབབ་སྒོར་4800ཙམ་ཟིན་གྱི་ཡོད།

    “ཨ་ཅག་སྐལ་བཟང་བཟོ་ཁང”གི་གྲུབ་འབྲས་ཐོབ་པའི་ལག་ལེན་བརྒྱུད། རྒྱལ་རྩེའི་སྣམ་བུ་དེ་ཉིད་རྒྱལ་ནང་ཁྲོམ་རར་རྐང་པ་བརྟན་པོ་ཚུགས་ཐུབ་པ་མ་ཟད། ད་དུང་རྒྱལ་སྤྱིའི་གར་སྟེགས་ཐོག་ཏུའང་བདེ་བླག་ངང་བསྐྱོད་ཡོད། མིག་སྔར་རྒྱལ་རྩེའི་སྣམ་བུའི་ཐོན་རྫས་རབ་དང་རིམ་པ་རྒྱལ་ནང་གི་དྲ་ཐོག་དང་དྲ་ཕྱིའི་ཚོང་ཁང་30ལྷག་ཙམ་དུ་ཕྱིར་ཚོང་བྱེད་པ་དང་ཆབས་ཅིག རྒྱལ་ཕྱིའི་སྤུས་རྟགས་ཚོང་ཁང་དུའང་འཚོང་བཞིན་ཡོད་པས“ཀྲུང་གོའི་བཟོ་བོའི་སྙིང་སྟོབས”མངོན་པའི་བཀྲག་མདངས་འཚེར་བའི་མིང་བྱང་དུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།