དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བཟོ་ཚོགས་ཀྱིས་ཁྱིམ་གཞིས་གསར་པ་སྐྲུན་མཁན་ལ་དྲོ་སྐྱིད་སྦྱིན་པ།

    རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་ཞུགས་མཁན་ཁེ་ལས་ཀྱི་ལས་བཟོར་འཚམས་འདྲི་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-18

    ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འཚམས་འདྲི་ཚོགས་ཆུང་སྔ་རྗེས་སུ་ལྷ་རྩེ་རྫོང་དང་། དིང་རི་རྫོང་། གཏིང་སྐྱེས་རྫོང་། ས་སྐྱ་རྫོང་སོགས་སུ་བསྐྱོད་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ། ཞལ་འདེབས་འཛུགས་སྐྲུན་བྱེད་མཁན་དང་གཅིག་གྱུར་འཛུགས་སྐྲུན་བྱེད་མཁན་ཨར་ལས་ཚན་པ་དང་ལས་བཟོར་གཟིགས་ནས་འཚམས་འདྲི་བྱས་པ་མ་ཟད། གེགས་རྗེས་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་རྒྱ་ཆེའི་འཛུགས་སྐྲུན་པ་རྣམས་ལ་བྱམས་བརྩེའི་འཚམས་འདྲིའང་བྱས་པ་རེད།

    གཅིག་འཇགས་གཉིས་ལངས་ཀྱི་འཕྲུལ་ཆས་ཀྱི་འུར་སྒྲའི་ཁྲོད། འཚམས་འདྲི་ཚོགས་ཆུང་ལྷ་རྩེ་རྫོང་གཞིས་ཆེན་ཤང་ཤ་ལ་ཟུར་གྲོང་ཚོའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ཨར་ལས་ས་ཚིགས་སུ་བསྐྱོད་པ་ན། བཟོ་པ་ཚོས་ལུས་ལ་བཀྲག་ཆེ་བའི་བདེ་འཇགས་ཁན་སྦྱར་དང་མགོ་ལ་བདེ་འཇགས་ཞྭ་མོ་གྱོན་ནས་ལས་ཀར་བྲེལ་བཞིན་མཆིས།

    ད་ལོའི་ཟླ་6ཚེས་17ཉིན་བཅའ་སྡོད་བྱས་ཚུན། ཞལ་འདེབས་འཛུགས་སྐྲུན་བྱེད་མཁན་ཚན་པའི་གྲས་ཡིན་པའི་ཀྲུང་གོ་ཨར་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་ལས་དུས་འཕར་མ་བྱས་ཤིང་། མིག་སྔར་ལས་ཡུལ་གྱི་ས་རྡོའི་ལས་གྲྭ་95%དང་། རྩིག་རྨང་དང་རྨང་གཞིའི་ལས་གྲྭ་40%ལེགས་གྲུབ་ཟིན་པས། སྔོན་དཔག་བྱས་ན། ཟླ་8ཚེས་15ཉིན་མི་སེར་རྣམས་སྡོད་ཁང་གསར་པར་སྤོ་ཐུབ་རྒྱུ་རེད།

    ས་ཡོམ་གྱི་ལྟེ་བ་དང་ཐག་ཉེ་བའི་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་མི་སེར་གྱི་ཁང་པར་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་ཅིང་། ད་ལོའི་ཟླ་2ཚེས་5ཉིན། ཧྲང་ཧའེ་ཨར་སྐྲུན་ལས་གྲྭ་ཚོགས་པས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། ལས་བཟོ་600སྒྲིག་འཛུགས་ཀྱིས་དིང་རི་རྫོང་དུ་བསྐྱོད་ནས་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཧུར་ཐག་སྤེལ་ཡོད། དུད་ཁྱིམ་126གི་མི་སེར་གྱི་ཁང་པ(ཁང་པའི་བཟོ་ལྟ་རིགས་6)དང་གྲོང་ཚོའི་ལོ་རྒྱུས་ཁང་1འཆར་འགོད་འཛུགས་སྐྲུན་བྱེད་དགོས་པའི་ཁར། ཟླ་8པའི་ཟླ་དཀྱིལ་དུ་ཁང་པ་རྩིས་སྤྲོད་བྱེད་དགོས་པའི་ལས་འགན་ལྕི་པོའི་མདུན་དུ། བཟོ་པ་ཚོས་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པ་དང་ཚ་གདུག་དང་ཐལ་རླུང་ཆེ་བར་མ་འཛེམས་པར་ཉིན་མཚན་མེད་པར་འབད་བརྩོན་བྱས་པ་རེད། རྣམ་གྲངས་ཀྱི་འགན་འཁུར་བ་ཀན་ཧྲུའུ་ཡིས། མིག་སྔར། དུད་ཁྱིམ་50ཡི་ཡུལ་མིའི་སྡོད་ཁང་གི་ཐོག་བཀབ་ཟིན་པ་དང་། ཟླ་7པའི་ཟླ་མཇུག་ཏུ་ཁང་པར་ཕྱོགས་ཡོངས་ནས་མཛེས་བཟོ་བྱ་རྒྱུ་རེད། “རྣམ་གྲངས་ཀྱི་མྱུར་ཚད་ལ་སྐུལ་འདེད་དམ་འཛིན་བྱས་ཏེ། ཚད་གཞི་དང་སྤུས་ཚད་མཐོན་པོས་དུས་བཀག་ལྟར་རྩིས་སྤྲོད་ཐུབ་པ་བྱེད་ཀྱི་ཡིན”ཞེས་ངོ་སྤྲོད་བྱས།

    གཏིང་སྐྱེས་རྫོང་ཀོ་ལྕག་ཤང་མགྲོན་དཀོན་གྲོང་ཚོར་གནས་པའི་ཀྲུང་གོ་ཉེར་གཉིས་ལྕགས་བཞུ་ཚོགས་པ་ཚད་ཡོད་ཀུང་སིས་ཞལ་འདེབས་འཛུགས་སྐྲུན་བྱས་པའི་རྣམ་གྲངས་ཀྱི་ཨར་ལས་ས་ཚིགས་སུ་ཡུལ་མི་བཀྲ་ཤིས་ཚེ་རིང་གིས་བསླངས་ཟིན་པའི་བོད་ཁང་སྟར་པ་ཞིག་ལ་ལྟ་བཞིན་གདོང་ནས་དགའ་བའི་འཛུམ་མདངས་ངང་གིས་འཕྱུར།

    བཅར་འདྲི་བྱེད་རིང་། འཚམས་འདྲི་ཚོགས་ཆུང་གིས་ཞལ་འདེབས་འཛུགས་སྐྲུན་བྱེད་མཁན་ཁེ་ལས་ཁག་ལ“དཔའ་ངར་ཆེན་པོས་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་། སྟོབས་ཤུགས་ཧྲག་པོ་མགྱོགས་མྱུར་སྐོང་བ། ཐོན་ཁུངས་རྩ་ཆེན་གཏོང་བ་བཅས་བྱས་ནས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་ཞུགས་ཏེ། རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་ཆེན་པོ་གང་ལེགས་མངོན་པའི”དཔེ་མཚོན་བྱེད་སྟངས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཁོང་ཚོར་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་གྱིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱི་སེམས་ཁུར་དོན་འཁྱོལ་ཏན་ཏིག་བྱས་ཏེ། བྱ་བ་བཟང་པོ་བསྒྲུབས་པ་དང་མི་སེར་གྱི་ཁས་ལེན་གང་ལེགས་ཐུབ་པར་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་3པར། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྒོར་ཁྲི་3600ལྷག་ཙམ་གྲབས་གསོག་བྱས་ནས། དིང་རིའི་ས་ཡོམ་ཁྲོད་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། ད་ཐེངས་སླར་ཡང་མ་དངུལ་སྒོར་ཁྲི་600ལྷག་ཙམ་བཏང་ནས་གེགས་རྗེས་བསྐྱར་སྐྲུན་ནང་ཞུགས་མཁན་ཁེ་ལས་དང་ལས་བཟོར་ཆེད་དུ་འཚམས་འདྲི་བྱས་ཏེ། ལས་བཟོའི“ནང་མི”དང“སྙིང་ཉེ་བ”ཡག་པོ་བྱས་པ་རེད།

    ད་ཆ་མི་སེམས་དྲོས་པའི་དོན་བཟང་དེ་རིགས་མུ་མཐུད་སྒྲུབ་བཞིན་ཡོད་ཅིང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ད་དུང་གཞིས་རྩེ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་མཉམ་དུ་འཛུགས་སྐྲུན་ལ་ཞུགས་པའི་ཚན་པ་གཞན་དག་གི་ལས་བཟོ་དང་། ཞིང་པ་ལས་མི། དཀའ་ངལ་ཡོད་པའི་ལས་བཟོ་བཅས་ལ་ཐུགས་ཁུར་མཚོན་པར་བྱས་ཏེ། ཟོལ་མེད་ཀྱི་ཐུགས་ཁུར་དང་བྱམས་བརྩེའི་སྟོབས་ཤུགས་དེ་ཉིད་ཇོ་མོ་གླང་མའི་འདབས་སུ་བློ་སེམས་གཅིག་མཐུན་གྱིས་ཁྱིམ་གཞིས་གསར་པ་སྐྲུན་པའི་འདེགས་སྐྱོར་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།