དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་རབས་གཉིས་ཀྱི་ལས་དབང་ལས། ས་མཐོའི་སློབ་གསོའི་འཕོ་འགྱུར་གླེང་།

    གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གུར་འཕྱིང་གྲོང་ཚོའི་སློབ་གསོའི་འཕོ་འགྱུར་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-18

    ཟླ་བ་དྲུག་པའི་ཞོགས་པ་ཞིག་ལ། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གམ་རུ་ཤང་གུར་འཕྱིང་གྲོང་ཚོར་མར་གསར་གྱི་མདོག་ལ་ཅོ་འདྲི་བའི་ཉི་གཞོན་ཚ་ལམ་ལམ་དུ་འཕྲོས། ཀྱག་ཀྱོག་གི་གྲོང་ཚོའི་ལམ་འགྲམ་དུ་བུད་མེད་མང་པོ་མཉམ་དུ་འཛོམས་ནས་བལ་ལས་བྱེད་བཞིན།“ངའི་ཚ་མོ་ལྷ་སར་དགེ་རྒན་བྱེད་བཞིན་ཡོད”དང“ངའི་བུ་སློབ་གྲྭ་ཐོན་མ་ཐག་ལས་ཀ་རག་སོང”ཞེས་པ་སོགས་ཐག་རིང་ལ་ཡོད་པའི་རང་གི་བུ་ཕྲུག་ཚོའི་སྐོར་དང་རང་རང་གི་འཚོ་བའི་སྐོར་སྣ་ཚོགས་གླེང་ནས། བུ་ཕྲུག་དྲན་ལུགས་དང་བུ་ཕྲུག་རང་མགོ་ཐོན་པར་སྤོབས་སེམས་ཆེན་པོ་བྱེད་བཞིན་མཆིས།

    ལོ་ངོ60ཡི་གོང་། ཡིག་རྨོངས་བ་95%ཟིན་པའི་གུར་འཕྱིང་གྲོང་ཚོར་ད་ཆའི་སྤོབས་པ་སྐྱེ་འོས་པའི་གནས་ཚུལ་དེ་དག་གི་སྐོར་གླེང་རྒྱུ་སྤྲོས་བྲལ་རེད། དུད་ཚང་85ལས་མེད་པའི་ས་མཐོའི་གྲོང་ཚོ་ཆུང་ཆུང་དེ་ནས་གཞུང་ཞབས་པ་102ཐོན་ཡོད་ཅིང་། ཁོང་ཚོས་ལས་གནས་སྣ་ཚོགས་ཐོག་རང་ནུས་ཅི་ལྕོགས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད་པ་མ་ཟད། ད་དུང་སློབ་གྲྭ་ཆེ་མོ་བ་30ལྷག་ཙམ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཤེས་རིག་གི་སྦྲང་རྩི་འཐུ་བཞིན་མཆིས། “སློབ་གྲྭར་ཕྱིན་ན་མདུན་ལམ་མེད”ཅེས་པ་ནས“སློབ་གསོར་བརྟེན་ནས་ཁྱིམ་ཚང་དར་རྒྱས་གཏོང་བའི”བར། གུར་འཕྱིང་གྲོང་ཚོའི་འགྱུར་ལྡོག་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    ཡུལ་མི་ཚོས་ཁོམ་པ་ཡོད་རིམ་བཞིན་བག་བྲོའི་ཁྱིམ་གྱི་སྐོར་གླེང་གི་ཡོད། ལོ་60ལ་སླེབས་པའི་བག་བྲོ་དང་ཁོང་གི་བཟའ་ཟླ་ཚེ་རིང་གིས་མི་ཚེ་ཕྱེད་ཀ་དཀའ་བ་དུ་མ་ཁྱད་དུ་བསད་དེ་ཕྲུ་གུ་བཞི་པོ་ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པ་བྱས་ཤིང་། ཁོང་ཚོའི་གཏམ་རྒྱུད་ལས་གུར་འཕྱིང་གྲོང་ཚོའི་སློབ་གསོའི་བྱ་གཞག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་གསལ་བཤད་བྱེད་ཐུབ།

    ཚེ་རིང་གི་འདས་དོན།

    རིག་གནས་མེད་པའི་དབང་གིས་དཀའ་སྡུག་སྣ་ཚོགས་མྱོང་དགོས་བྱུང་བ།

    “ང་ལོ་10ལ་བསླེབས་དུས་གཞི་ནས་ཡི་གེ་སྦྱོང་འགོ་ཚུགས་པ་ཡིན” སྐབས་དེ་དུས་ཀྱི་ཞོགས་པ་གྲང་ངར་ཧ་ཅང་ཆེ་ལ་ལམ་བུ་ཡང་དེ་བས་ཀྱག་ཀྱོག་ཆེ་བ་ལྟ་བུར་སྣང་ཞེས་བག་བྲོས་ལོ་ངོ་40ཡི་གོང་གི་གནས་ཚུལ་ཕྱིར་དྲན་བྱེད་འགོ་ཚུགས།

    གུར་འཕྱིང་གྲོང་ཚོའི་སློབ་མ་སྔ་ཤོས་ཀྱི་གྲས་ཡིན་པའི་བག་བྲོས་སྐབས་དེར་ཉིན་ལྟར་ཤང་གི་སློབ་གྲྭ་བར་རྐང་ཐང་མར་ཆུ་ཚོད་ཁ་ཤས་འགྲོ་དགོས་ཀྱི་ཡོད། དེ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་སློབ་གསོ་ཐོག་མར་དར་འགོ་ཚུགས་པའི་སྐབས་ཡིན་ཞིང་། ས་ཕག་གི་སློབ་ཁང་ཐབས་ཆག་དང་སློབ་ཚན་མཚམས་རེ་ཡོད་ལ་མཚམས་རེ་མེད་པའི་ཁར། ནང་མི་ཚོས་ཀྱང་རྟག་ཏུ“སློབ་གྲྭར་འགྲོ་བ་ལས་ལུག་འཚོས་ན་དགའ”ཞེས་ཟེར་གྱི་ཡོད་པས། ན་མཉམ་མང་པོ་ཞིག་སློབ་གྲྭ་མཐར་ཕྱིན་པ་འགྲོ་ཐུབ་མེད་ལ། ཁོང་གི་བཟའ་ཟླ་ཚེ་རིང་ཡང་སློང་གྲྭར་ཉིན་གཅིག་ཀྱང་འགྲོ་མྱོང་མེད།

    ཚེ་རིང་གིས་གཉེར་མས་ཁེངས་པའི་ལག་པས་ཀྱག་ཀྱོག་ངང་བྲིས་པའི་རང་མིང་སྟོན་བཞིན། “དངུལ་ཁང་དུ་དངུལ་བཅོལ་ལེན་བྱེད་པར་འགྲོ་སྐབས་ཀྱང་། རིག་གནས་མེད་པའི་དབང་གིས་མིང་ཡང་འབྲི་མི་ཤེས་སྟབས་དཀའ་ངལ་སྣ་ཚོགས་འཕྲད་མྱོང”ཞེས་བཤད། བརྗེད་ཐབས་མེད་པའི་བློ་ཕམ་དེ་ཕྱིས་སུ་ཁོང་ཚོས་ཕྲུ་གུ་ཚོ་སློབ་གྲྭར་དཔྱིས་ཕྱིན་པ་གཏོང་བའི་སྒུལ་ཤུགས་ཆེ་ཤོས་སུ་གྱུར།

    བག་བྲོའི་ཐོང་གཤོལ།

    འཚོ་བའི་གནོན་ཤུགས་ཀྱི་མདུན་དུ་དཔའ་མི་ཞུམ་པར་ཕྲུ་གུའི་ཕུགས་འདུན་གྱི་རྒྱུན་བསྐྱངས།

    ཕྲུ་གུ་བཞི་པོ་གཅིག་རྗེས་གཉིས་མཐུད་ངང་སློབ་གྲྭར་འགྲོ་བའི་ལོ་ཚད་ལ་སླེབས་པ་དང་བསྟུན་ནས་དུས་རབས་ལའང་རིམ་བཞིན་འགྱུར་ལྡོག་ཕྱིན། འོས་འགན་སློབ་གསོའི་དྲོ་འཇམ་ཉི་འོད་གངས་ལྗོངས་ས་མཐོའི་གང་སར་འཕྲོས་ནས“འགན་ལེན་གསུམ”(ལྟོ་ཆས་དང་། སྡོད་གནས། སློབ་ཡོན་བཅས་འགན་ལེན)གྱི་སྲིད་ཇུས་ལག་ལེན་བསྟར་འགོ་ཚུགས་པས། སློབ་ཡོན་ཐད་ཀྱི་སེམས་ཁྲལ་རྦད་དེ་བསལ་ཡོད། འོན་ཀྱང་། འཚོ་བའི་ཁུར་པོ་ལྕི་པོས་སྔར་བཞིན་བག་བྲོ་དང་ཚེ་རིང་གི་ཕྲག་པ་མནན་ཡོད།

    “སྐབས་དེ་དུས་དཔྱིད་རྨོད་དང་སྟོན་བསྡུའི་སྐབས་ཚང་མ་མི་ཕྱུགས་ལ་བརྟེན་དགོས་ལ། སྟོན་བསྡུའི་ཟླ་བ་གཅིག་ལྷག་ཙམ་རིང་དཀའ་ངལ་ཆེ་བས་རྐེད་པའང་འདྲོང་ཐུབ་ཀྱི་མེད”ཅེས་བག་བྲོས་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་འདི་ལྟར་བརྗོད་པ་དང་། ཁོང་གིས། “རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་འདི་འདྲ་མེད་ཚེ། བུ་རྒན་པ་དང་འབྲིང་བ་ཕལ་ཆེར་ཁྱིམ་དུ་ཉར་ཡོད་ཤས་ཆེ། དེ་ལྟར་བྱས་ཚེ་ང་ཚོའི་ཁུར་པོ་ཡང་དུ་འགྲོ་སྲིད་མོད། འོན་ཀྱང་། ཕྲུ་གུ་ཚོས་གློག་སྒྲོན་འོག་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་མཐོང་དུས་སེམས་ནང་བཟོད་ཐབས་བྲལ”ཞེས་སྐད་ཤུགས་ཆུང་ངུས་བཤད།

    “དཀའ་ངལ་ཇི་ཙམ་ཆེ་ཡང་ཕྲུ་གུ་ཚོའི་མདུན་ལམ་ལ་བར་ཆད་གཏོང་མི་རུང”བག་བྲོ་དང་ཚེ་རིང་གིས་ཉིན་ལྟར་ཞིང་ནང་དང་མུ་ཁར་བྲེལ་བརྩོན་ཆེན་པོ་བྱེད་བཞིན་ཕྲུ་གུ་ཚོའི་ཕུགས་འདུན་གྱི་རྒྱུན་བསྐྱངས།

    གུར་འཕྱིང་གྲོང་ཚོའི་འཕོ་འགྱུར།

    འཛུགས་སྐྲུན་ཡག་ཤོས་ནི་སློབ་གྲྭ་ཡིན་པ།

    གུར་འཕྱིང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སྟོབས་རྒྱལ་ནི་1976ལོར་སྐྱེས་པ་དང་། ཁོང་གིས་གུར་འཕྱིང་གྲོང་ཚོའི་སློབ་གསོའི་འཕོ་འགྱུར་ཆེན་པོའི་དཔང་པོ་བྱེད་ཐུབ།

    “སྔོན་ཆད་གྲོང་ཚོ་ཡོངས་སུ་རང་མིང་འབྲི་ཐུབ་མཁན་རེ་གཉིས་ལས་མེད”ཅེས་སྟོབས་རྒྱལ་གྱིས་གྲོང་ཚོ་ཨུ་ལྷན་གྱི་སྒོ་འགྲམ་དུ་ལངས་ནས་མི་རིང་བའི་སར་ཡོད་པའི་གྲོང་ཚོའི་བུ་བཅོལ་ཁང་གསར་རྐྱང་དེར་ལྟ་བཞིན། “ད་ཆ་ཁྱིམ་ཚང་ཚང་མར་སློབ་གྲྭ་ཆེ་མོ་བ་ཡོད”ཅེས་བཤད།

    འདུ་ཤེས་ལ་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་ཞིང་། སྟོབས་རྒྱལ་གྱིས་གསར་འགོད་པར། “སྔོན་ཆད་སློབ་གྲྭར་ཕྱིན་ན་ཕན་ཐོགས་མེད། དེ་ལས་ཁྱིམ་དུ་ནོར་ལུག་འཚོ་རོགས་བྱས་ན་ལེགས་ཞེས་ཟེར་གྱི་ཡོད། ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་འདི་ལྟ་བུ་ཡོད་ལ། འཚོ་བའི་གང་ས་ཅི་ཐད་ལའང་འགན་ལེན་ཡོད་པས། ཚང་མས་རང་གི་ཕྲུ་གུ་གཞན་གྱི་རྗེས་སུ་ལུས་འདོད་བྱེད་ཀྱི་མེད”ཅེས་བཤད།

    ད་ཆ། གྲོང་ཚོའི་འཛུགས་སྐྲུན་ཡག་ཤོས་ནི་སློབ་གྲྭ་ཡིན་ཞིང་། བུ་བཅོལ་ཁང་གི་རྒན་ལགས་ཚོས་ང་ཚོར་གློག་རྡུལ་དཀར་པང་དང་། དྲོད་རླངས་སྒྲིག་ཆས། འཚོ་བཅུད་ཚལ་ཐོ་བཅས་སྟོན་བཞིན། “གྲོང་ཁྱེར་གྱི་ཕྲུ་གུ་ཚོར་ཡོད་པ་ཚང་མ་ང་ཚོའི་འདི་གར་ཡོད”ཅེས་སྤོབས་པ་ཆེན་པོས་བརྗོད།

    “ན་ནིང་བུ་མོ་ཆུང་བ་སློབ་གྲྭ་ཆེ་མོར་རྒྱུགས་འཕྲོད་པས། རྫོང་གིས་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་བྱ་དགའ་སྒོར་ཁྲི་1སྤྲད་བྱུང”ཞེས་དང“ང་ཚོའི་བུ་ཆེད་ཚན་སློབ་གྲྭར་རྒྱུགས་འཕྲོད་པར་ཡང་བྱ་དགའ་སྒོར་8000སྤྲད་བྱུང” སློབ་གསོའི་ལྕག་སྐུལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལས་ཕྲུ་གུ་ཚོའི་ཕུགས་འདུན་མངོན་འགྱུར་ལ་ཕན་ཆེན་པོ་ཐོགས་ཏེ། ཕྲུ་གུ་རེ་རེ་བཞིན་དེ་བས་ཡངས་པའི་མི་ཚེའི་གར་སྟེགས་ཐོག་འཇོན་ཐང་ངོམ་ཐུབ་པ་བྱུང་ཡོད།

    མི་རབས་གཉིས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ། 

    སྨྱུ་གུ་ལག་ཏུ་ཐོགས། ཐོང་གཤོལ་ག་ལེར་ཞུགས།

    བག་བྲོས་སྔོན་ཐོན“གཉིས་ལྡན་དུད་སྦྲེལ”གྱི་གཟེངས་རྟགས་ལ་བྱིལ་བྱིལ་བྱེད་བཞིན་ངོ་གདོང་ནས་བག་ཕེབས་ཀྱི་རྣམ་འགྱུར་ཞིག་མངོན། ཏང་ལོ་30ལྷག་ཙམ་ཟིན་པའི་བགྲེས་སོང་བག་བྲོས་ཚེ་གང་རིང་སློབ་གསོའི་སྟོབས་ཤུགས་ལ་ཡིད་ཆེས་ཀྱིས་ཁེངས།

    “རང་ཉིད་རིག་གནས་མེད་པའི་དབང་གིས་དཀའ་བ་ཚད་མེད་མྱོང་དགོས་བྱུང་བས། ཕྲུ་གུ་ཚོ་ཡང་རང་ཉིད་བཞིན་ལམ་རྙིང་པ་དེར་འགྲོ་རུ་འཇུག་འདོད་མི་འདུག སྡུག་རུས་ཆེན་པོས་ཁོང་ཚོ་སློབ་གྲྭར་བཏང་བ་ནི་ངའི་མི་ཚེ་འདིའི་གདམ་ག་ཡག་ཤོས་དེ་ཡིན། ད་ཆ་ཕྲུ་གུ་ཚོས་རང་སོ་སོའི་ལས་གནས་ཐོག་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད་ལ། ང་དང་བཟའ་ཟླ་ལའང་ཟླ་རེར་རྒན་གསོའི་དངུལ་ལེན་རྒྱུ་ཡོད་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད་པ་དང་། ཁོང་གིས། དེ་བས་དགའ་ཚོར་སྐྱེ་འོས་པ་ཞིག་ལ། ཞིང་འཕྲུལ་སྤྱོད་འགོ་ཚུགས་སྟབས། “སྔོན་ཆད་ཟླ་བ་གཅིག་ལྷག་ཙམ་རིང་རྔུལ་ཆུས་འཚོས་བཞིན་སྟོན་ལས་བྱེད་དགོས་རུང་། ད་ལྟ་འཕྲུལ་ཆས་ཀྱིས་ཉིན་གསུམ་ནང་སྟོན་ཐོག་གཙང་མ་བསྡུ་ཐུབ་ཀྱི་འདུག་པས། ང་ལའང་གཞི་ནས་ལྷོད་ཤིག་ཤིག་ངང་སྡོད་པའི་དུས་ཤིག་ཤར་སོང”ཞེས་བཤད།

    སྔོན་ཆད་ཐོང་གཤོལ་དམ་པོར་བཟུང་དགོས་བྱུང་བའི་དབང་གིས་ཤ་མཁྲེགས་ཆགས་པའི་ལག་ཟུང་ད་ཆ་རིམ་བཞིན་འཇམ་ཤ་དོད་དུ་སོང་ཡོད་ལ། ཁོང་ཚོའི་མི་རབས་རྗེས་མ་ཚོས་ཀྱང་ཤེས་བྱ་དང་བློ་གྲོས་ལ་བརྟེན་ནས་ཕ་མེས་ཚོ་དང་གཏན་ནས་མི་འདྲ་བའི་མི་ཚེའི་ལེའུ་གསར་པ་ཞིག་ཧུར་ཐག་རྩོམ་བཞིན་མཆིས།

    ཞོགས་པའི་ཉི་གཞོན་གུར་འཕྱིང་གྲོང་ཚོར་རབ་ཏུ་འཕྲོས་ཤིང་། གྲོང་ཚོའི་དབུས་སུ་ཡོད་པའི་བུ་བཅོལ་ཁང་གསར་རྐྱང་དེ་ནས་གྲགས་པའི་བྱིས་གླུ་དང་དགོད་སྒྲ་དག་ས་མཐོའི་པང་ནས་དཀྲོལ་བའི་སྙན་ཞིང་འཇེབས་པའི་རོལ་དབྱངས་ཤིག་དང་གཉིས་སུ་མ་མཆིས། བག་བྲོ་དང་ཚེ་རིང་གི་གཏམ་རྒྱུད་དེ་གུར་འཕྱིང་གྲོང་ཚོའི་གཞུང་ལས་པ་102དང་སློབ་གྲྭ་ཆེ་མོ་བ་30ལྷག་ཙམ་གྱི་རྗེས་ཤུལ་དང་འགྲོགས་ནས་སྔོན་ཆད་ཆེས་དབུལ་ཕོངས་ཡིན་པའི་ས་གཞི་དེར་ཁྱབ་བཞིན་ཡོད། མི་རབས་ཁ་ཤས་ཀྱི་དཀའ་སྤྱད་དང་དད་སེམས་ལ་བརྟེན་ཏེ། སློབ་གསོའི་ས་བོན་འདི་གར་སྔ་ས་ནས་རྩ་བ་ཚུགས་ཤིང་མྱུ་གུ་འབུས་པ་དང་། དུས་རབས་གསར་པའི་ཉི་གཞོན་དང་འགྲོགས་ནས་འབྱུང་འགྱུར་ཕ་ཡུལ་འཛུགས་སྐྲུན་བྱེད་མཁན་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འཚར་ལོངས་བྱུང་དང་འབྱུང་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།