དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧྲང་ཧའེ་བོད་སྐྱོར་ལས་བྱེད་པས་བོད་ལྗོངས་ཀྱི་རྒྱལ་རྩེའི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་པ།

    ཞིང་ཁའི་ནང་གི་གནས་སྐབས་ཏང་ཀྲི་པུའུ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཞུས་ཡུས་ཡའོ།   |     སྤེལ་དུས།  2025-07-17

    “ཕུར་མཚམས་གཅོད། ཁྱེད་རང་གི་ཁྱིམ་ལ་ས་ཞིང་མང་པོ་ཡོད་པས་བསམ་བློ་ཞིབ་ཕྲ་གཏོང་རོགས”ཞེས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་བསོད་སྐད་གྲོང་ཚོའི་ཞིང་ནང་དུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་དོན་གྱིས་ཡུལ་མི་ཞིག་ལ་ངང་རྒྱུད་རིང་པོས་གྲོས་གླེང་བྱེད་བཞིན་ཡོད།

    “ནས་སོན་གསར་པར་བརྗེས་ཚེ་ཐོན་འབབ་ཡག་པོ་མ་བྱུང་ན་ང་ཚོ་གང་ཟ་དགོས་སམ”ཞེས་ཕུར་མཚམས་གཅོད་ཀྱིས་ཐེ་ཚོམ་ཆེན་པོས་བཤད།

    “ང་ཚོའི་གྲོང་ཚོའི་ཨུ་ལྷན་གཉིས་ཚན་ཁག་གི་ཁོངས་མིའི་ཁྱིམ་གྱི་ནས་སོན་ཚང་མ་བརྗེས་ཟིན་པས་ད་ལྟ་ང་ཚོས་ཐོན་འབབ་ཀྱི་འབྲས་བུར་བསྒུགས་ནས་བསྡད་ཡོད”ཅེས་ཕུར་མཚམས་གཅོད་ཀྱིས་ད་དུང་ངང་སྒུག་བྱེད་སྐབས་པ་དོན་གྱིས་རང་སར་འགྲེལ་བཤད་དེ་ལྟར་བརྒྱབ།

    འདི་ནི་བསོད་སྐད་གྲོང་ཚོས་ནས་སོན་གསར་པ་འདེབས་འཛུགས་ཁྱབ་གདལ་གཏོང་སྐབས་ཀྱི་རྣམ་པ་ཞིག་རེད།

    ཧྲང་ཧའེ་བོད་སྐྱོར་ལས་བྱེད་པའི་གྲོས་འགོ་དང་སྐུལ་འདེད་འོག་ནས་ལ་ལས་སྣོན་ཞིབ་ཚགས་བྱེད་པར་སྐུལ་འདེད་གཏོང་བ་དང་སྲོལ་རྒྱུན་ཞིང་ལས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་བསོད་སྐད་གྲོང་ཚོས་སྐྱེ་ལྡན་ནས་ཀྱི་ཚན་རྩལ་དཔེ་སྟོན་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་ཤུགས་ཆེན་བྱས་ནས་རྒྱལ་རྩེའི་ནས་ཀྱི་སྤུས་རྟགས་བཏོད་ཡོད།

    ཐོན་སྐྱེད་བྱེད་རིང་འཕྲད་པའི་གནད་དོན་ཐག་གཅོད་བྱ་ཆེད། བོད་སྐྱོར་ལས་བྱེད་པ་དང་། གྲོང་ཚོའི་ལས་བྱེད་པ། ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་སོགས་ཀྱིས་བསོད་སྐད་གྲོང་ཚོའི་ནས་ཞིང་དུ་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་བསོད་སྐད་གྲོང་ཚོའི་ནས་སོན་ལེགས་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ལག་རྩལ་གྱི་གནད་དོན་ལ་ཆེད་དོན་འགག་སྒྲོལ་བྱས་པ་རེད། ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ལོ་དེ་གར་ཚོད་འདེབས་བྱས་པའི་ཞིང་ཁར་ལོ་ལེགས་བྱུང་བས་སླད་ཕྱིན་ཡུལ་མི་དེ་བས་མང་བས་ཀྱང་ནས་སོན་གསར་པ་འདེབས་རྒྱུའི་སེམས་ཐག་བཅད་ཡོད།

    “རང་ཁ་གསོ་ཐབས་ཀྱི་བཟའ་འབྲུ”བཏབ་ནས་རིན་གོང་དེ་བས་མཐོ་བ་ཡོང་ཆེད། ཧྲང་ཧའེ་བོད་སྐྱོར་ལས་བྱེད་པ་དང་། རྒྱལ་རྩེ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་བཅས་ཡིན་པའི་ཧུའུ་ཧྥ་ཝེ་ཡིས་དཔལ་འབྱོར་ལྷུན་པོ་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་གཅིག་ལྕོགས་བྱས་ནས་གྲོང་ཚོ་དང་ཁེ་ལས་དབར་ནས་ཉོ་སྒྲུབ་ཀྱི་གྲོས་མཐུན་འཇོག་པར་སྐུལ་འདེད་བཏང་སྟེ། ནས་ཀྱིས་མ་བཅོས་རྒྱུ་ཆ་བྱས་པའི་རོ་བརྒྱད་མངར་ཟས་དང་འཁྱགས་ཞོ་སོགས་ཐོན་རྫས་སྣ་ཁ་30ལྷག་ཙམ་སྔ་རྗེས་སུ་བཏོན་པ་དང་། ལོ་རེར་ཐོན་ནུས་ཏུན་ཁྲི་2ལྷག་ཙམ་ཟིན་པའི་དེང་རབས་ཅན་གྱི་ནས་གྲོའི་ཐོན་སྐྱེད་སྒྲུབ་རིམ་ཡང་རྒྱལ་རྩེར་བསྐྲུན་ཡོད།

    “ཏང་འཛུགས་སྐྱོང་གིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྣེ་ཁྲིད་བྱེད་པ་ནི་ང་ཚོས་ཧྲང་ཧའེ་དང་བོད་ལྗོངས་ས་གནས་གཉིས་ཀྱི་སྤེལ་རེས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ཞིག་རེད” ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ཚེ་གཞི་ནས་ས་གནས་ཀྱི་འཕེལ་རྒྱས‘གཞན་བརྟེན’ནས“རང་བརྟེན”ཕྱོགས་སུ་སྐུལ་འདེད་ནུས་ལྡན་གཏོང་ཐུབ”ཅེས་ཧུའུ་ཧྥ་ཝེ་ཡིས་མྱོང་ཚོར་ཟབ་མོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།