དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་པར་དབང་བཅོས་སྐྱོང་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་འབུལ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལིའུ་ཀྲུང་ཧྭ། ཞུས་ཞིན།   |     སྤེལ་དུས།  2025-07-17

    “གནའ་རབས་ཀྲུང་གོའི་གསར་གཏོད་ཀྱིས་འཛམ་གླིང་ལ་རྒྱུ་ནོར་རྩ་ཆེན་བཞག་ཡོད། ད་ཆའི་ཀྲུང་གོའི་པར་དབང་ཐོན་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་སོང་ནས་ཀྲུང་གོའི་པར་དབང་ལས་རིགས་ཀྱི་འཕར་ཐང་གིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་7%བརྒལ་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་བརྟེན་ནས་ཀྲུང་གོའི་རོལ་རྩེད་དང་། གློག་བརྙན། དར་སྲོལ་རྩེད་ཆས་སོགས་བློ་གསར་ཐོན་རྫས་རྣམས་རྒྱལ་ཁབ་ཕྱི་ནང་དུ་དར་ཁྱབ་བྱུང་ཡོད” བློ་གསར་ཐོན་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་པར་དབང་ནི་གལ་འགངས་ཆེན་པོ་ཡིན་པས། ཕྱོགས་ཁག་གིས་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོར་པར་དབང་དང་བློ་གསར་ཐོན་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ཉེ་ཆར་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཏེང་ཧུང་སེན་གྱིས་བརྗོད་པ་རེད།

    “ཤེས་བྱའི་བདག་དབང་སྤྱད་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོས་མིག་དཔེ་བཏོན་པ”

    ཟླ་7ཚེས་8ཉིན། “གསར་གཏོད་ལ་སྲུང་སྐྱོང་། འབྱུང་འགྱུར་མཉམ་སྐྲུན།——པར་དབང་ཐད་ཀྱི་ཀྲུང་གོའི་ལག་ལེན”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དེ་སུའེ་ཙེར་གྱི་རི་ནེ་ཝའི་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་སྤྱི་ཁྱབ་པུའུ་རུ་འགོ་ཚུགས་ཤིང་། ས་གནས་ས་ཐོག་ཏུ་ཀྲུང་གོའི་པར་དབང་གི་རྒྱལ་སྤྱིའི་མཉམ་ལས་གྲུབ་འབྲས་དང་ཀྲུང་གོའི་པར་དབང་སྲུང་སྐྱོང་གི་ཕུལ་བྱུང་དཔེ་མཚོན་སོགས་འགྲེམས་སྟོན་བྱས་པར་སྐུ་མགྲོན་མང་པོའི་ཡིད་དབང་འཕྲོག་ནས་ལྟ་སྐོར་དུ་སླེབས་ཡོད། འགྲེམས་སྟོན་དེ་ཟླ་7ཚེས་17ཉིན་ཏེ་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཚོགས་མིའི་རྒྱལ་ཁབ་ཀྱི་ཚོགས་ཆེན་མཇུག་མ་འགྲིལ་བར་བྱ་རྒྱུ་རེད།

    “པར་དབང་ལ་རིག་གནས་དང་དཔལ་འབྱོར་གྱི་ངོ་བོ་མངོན་གསལ་དོད་པོ་ལྡན་པ་མ་ཟད། མིའི་རིགས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ལ་སྐུལ་མ་གཏོང་བ་དང་དེ་བཞིན་གསར་གཏོད་ལ་སྲུང་སྐྱོང་དང་ལྕག་སྐུལ་བྱེད་པར་ཡང་དོན་སྙིང་གལ་ཆེན་ལྡན་ཡོད” ཀྲུང་གོའི་པར་དབང་གི་གཏམ་རྒྱུད་ནི་དངོས་བྱུང་ཚོར་ཤེས་ཐུབ་པ་དང་ངོ་མཚར་ཆེ་ཞིང་ཕུན་སུམ་ཚོགས་པ་ལས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དབྱར་མཚོ་རྒྱས་པ་ལྟ་བུའི་ཉམས་བཟང་དང་དུས་རབས་གསར་པར་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོའང་མཚོན་ཡོད། ད་རེས་ཀྱི་འགྲེམས་སྟོན་ལས་ཀྲུང་གོའི་པར་དབང་བྱ་གཞག་གི་འཕེལ་རྒྱས་བརྒྱུད་རིམ་དང་། གྲངས་འཛིན་དུས་རབས་ཀྱི་ཀྲུང་ཧྭའི་རིག་གནས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་གསར་པ། པར་དབང་གསར་གཏོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བསྣན་པའི་སྒུལ་ནུས་བཅས་མངོན་ཡོད་ཅེས་ཀྲུང་གོའི་རྒྱལ་ཁབ་པར་དབང་ཅུས་ཀྱི་འགན་འཁུར་བས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོར་བརྗོད།

    ཀྲུང་གོས་པར་དབང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་པར་དབང་གིས་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ་དང་། གསར་གཏོད་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་བཅས་ཀྱི་ནུས་པ་གལ་ཆེན་ཧུར་ཐག་བཏོན་ཡོད། ཉེ་བའི་ལོ་ཤས་རིང་། པར་དབང་ཐོན་ལས་ཀྱིས་རྒྱལ་དམངས་དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད་རིམ་བཞིན་ཇེ་ཆེར་སོང་བ་དང་། པར་དབང་སྲུང་སྐྱོང་དང་གཞན་སྒྱུར་བྱས་པ་ལས་རོལ་རྩེད་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།

    “པར་དབང་ཁྱབ་ཁོངས་སུ་ཀྲུང་གོས་རྒྱལ་སྤྱི་དང་མཉམ་ལས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ”

    དཔེ་དེབ་དཔེ་སྐྲུན་གྱི་འགྲེམས་སྟེགས་སུ་ཇུས་འགོད་ཡིད་དུ་འོང་བའི་སྐད་རིགས་མང་པོའི་དཔེ་དེབ་རེ་རེས་ཡིད་དབང་འཕྲོག་པར་བྱེད། “འགྲེམས་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་ལ་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་འདུག ཀྲུང་གོའི་པར་དབང་བྱ་གཞག་ཉིན་བཞིན་འཕེལ་རྒྱས་དང་སྟོབས་ཆེར་སོང་བ་མཐོང་བས་ང་རང་ཧ་ཅང་དགའ་པོ་བྱུང” ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཤེས་བྱའི་བདག་དབང་གི་སྐྱེ་ཁམས་མ་ལག་ལ་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། “ཤེས་བྱའི་བདག་དབང་སྲུང་སྐྱོང་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པས། གོ་ལ་ཧྲིལ་པོའི་ཤེས་བྱའི་བདག་དབང་བཅོས་སྐྱོང་ནང་ཀྲུང་གོ་ཧུར་ཐག་ཞུགས་པར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་རྒྱལ་སྤྱིའི་ཚོང་རྟགས་མཐུན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཨའེ་ཏི་ཨན·ཨ་སའེ་ཏུའོ་ཡིས་གསར་འགོད་པར་བཤད།

    མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་ཧོང་ཆང་གིས། འགྲེམས་སྟོན་ནང་ཞུགས་པའི“ཀྲུང་གོའི་མུ་འབྲེལ་རིས་དེབ་ཡག་ཤོས”ཀྱི་ནང་གསར་རྩོམ་གཏམ་རྒྱུད་12བདམས་ནས་ལོ་ཚོད་མི་གཅིག་པའི་ཀྲུང་གོའི་བྱིས་པ་དང་ཐ་ན་འཛམ་གླིང་གི་བྱིས་པར་ཀྲུང་གོའི་ཡུལ་ལུང་ཁག་གི་ཡུལ་སྲོལ་གོམས་གཤིས་དང་ཁྱད་ལྡན་རིག་གནས་ངོ་སྤྲོད་བྱས་པ་མ་ཟད། དཔེ་དེབ་ཀྱི་པར་དབང་ནི་ཧྥ་རན་སེ་དང་། ཧན་གོ ཅོར་ཏན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་ལ་སྤྲད་ཡོད། མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གིས་ད་དུང་དབྱིན་ཡིག་སྐད་ཡིག་སློབ་ཁྲིད་ཀྱི་ནང་དོན་མཁོ་འདོན་ཚོང་པ་སྟེ་ཨ་རིའི་རྒྱལ་ཁབ་ས་ཁམས་སློབ་སྦྱོང་སྡེ་ཚན་དང་མཉམ་འབྲེལ་ཐོག་ཀྲུང་གོའི་བརྗོད་དོན་གཙོ་བོའི་དཔེ་དེབ《ཀྲུང་གོའི་ཀློག་དེབ》དཔེ་སྐྲུན་བྱས་ཏེ། རྒྱལ་སྤྱིའི་མཐོང་སྣེ་ནས་ཀྲུང་གོའི་གཏམ་རྒྱུད་བརྗོད་པ་དང་དབྱིན་ཡིག་སྦྱོང་གིན་ཀྲུང་གོའི་རིག་གནས་ལ་མྱོང་ཚོར་ཐུབ་པས་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད།

    “གསར་གཏོད་བྱེད་ཐབས་ལ་བརྟེན་ནས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་ཟབ་མོ་སྔོག་འདོན་བྱས་པ”

    རིག་གནས་ཐོན་ལས་དང་བློ་གསར་དཔལ་འབྱོར་གྱི་ལྟེ་བའི་སྒུལ་ཤུགས་ཡིན་པའི་པར་དབང་དེ་ནང་དོན་གསར་རྩོམ་དང་། IPབསྐྱར་འགྱུར་གསར་སྤེལ། ཁྲོམ་རའི་ཁྱབ་སྤེལ་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོར་ཁྱབ་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་པར་དབང་དོ་དམ་སྡེ་ཚན་གྱིས་པར་དབང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་ནས་གྲངས་འཛིན་དུས་རབས་སུ་ཀྲུང་ཧྭའི་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཡོད། མིའོ་རིགས་ཀྱི་འཚེམ་རིས་ལ་བརྟེན་ནས་དར་སྲོལ་སྤུས་རྟགས་ཇུས་འགོད་ལ་བློ་སྐྱེས་བྱུང་བ་ནས་ཧྲའན་ཤིས་ཀྱི་ཆིན་ཆང་ཟློས་གར་དེ་རོལ་རྩེད་ཀྱི་སྒྲ་གདངས་སུ་བཅོས་པའི་བར། པར་དབང་གིས་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གསར་གཏོད་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། “སྙན་བརྒྱུད་ཀྱི་ཚུལ་དུ་སློབ་པའི”རིག་གནས་ཤུལ་བཞག་དེ་ཉོ་ཚོང་བྱེད་ཆོག་པ་དང་། ཁུངས་འདེད་ཆོག་པ། བསྐྱར་འགྱུར་ཆོག་པ་བཅས་ཀྱི་དེང་རབས་པར་དབང་གི་རྒྱུ་ནོར་དུ་བསྒྱུར་བ་དང་། “རྟེན་མཛོད་ཁང་ནང་གི་མ་དཔེ”ནས“ཁྲོམ་རའི་ནང་གི་གསོན་དཔེ”ལྟ་བུར་གྱུར་ནས་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་འདེགས་སྐྱོར་གལ་ཆེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།