དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རིཌ་གཅིག་མཁས་ཅན་དང་མཁས་དབང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་དོན་སྙིང་གལ་ཆེན་དང་དཔྱད་གཞིའི་རིན་ཐང་སྐོར་མཉམ་དུ་གླེང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-07-17

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། ཟླ་7ཚེས་15ཉིན་ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་དོན་སྙིང་གལ་ཆེན་དང་དཔྱད་གཞིའི་རིན་ཐང་གི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་ཕྱིར་དྲན་བྱས་ནས་དེའི་དོན་སྙིང་གལ་ཆེན་དང་མིག་ལྟོས་ཀྱི་རིན་ཐང་མཉམ་གླེང་བྱས་པ་རེད།

    ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་དགྲ་འདུལ་གྱིས། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དེས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་སྲ་བརྟན་དུ་བཏང་སྟེ་བོད་ཀྱི་སྤྱི་ཚོགས་ཀྱི་ལམ་ལུགས་མཆོང་སྐྱོད་ཆེན་པོ་བྱུང་ནས་འཛམ་གླིང་ཡང་རྩེས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི“ཚེ་སྲོག་གི་དཔྱིད་དཔལ”བསུས་ཡོད། ལོ་ངོ་60ཡི་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་སྟེ་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅེས་བརྗོད།

    ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དགེ་རྒན་ཆེ་མོ་བ་ཧུའུ་ཡན་གྱིས། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་ལ་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་འགྲོ་ལམ་དུ་བསྐྱོད་རྒྱུ་ལམ་ལྷོང་བྱུང་བ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་ཏག་ཏག་བགྲོད་ལམ་འདིའི་ལམ་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད་ཅེས་བརྗོད།

    བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་སྨན་སྐྱིད་མཚོ་མོས་བོད་རང་སྐྱོང་ལྗོངས་དབུ་བརྙེས་རྗེས་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པའི་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་དཔེ་རུ་བཞག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་དོན་སྙིང་ནི་ཆབ་སྲིད་དང་དཔལ་འབྱོར་རིམ་ངོས་ཀྱི་འཕེལ་རྒྱས་ཁོ་ན་མིན་པར། ལམ་ལུགས་གསར་གཏོད་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་ཀྱི་དེང་རབས་རིན་ཐང་འཕེལ་བར་བྱས་པ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ནེ་པ་ལ་ཨ་ཉི་ཀོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་སར་པོ་ཐཱ་མུའུ·ཧྲི་ལེ་སི་ཐཱ་ཡིས་བོད་དུ་འཚམས་འདྲིར་ཐེངས་མང་ཡོང་བའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཡོད་པའི་དབང་གིས་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དེ་འཕེལ་རྒྱས་ཀྱི་རྨང་གཞིར་བརྩིས་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ་བོད་ཀྱི་དཔལ་འབྱོར་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བ་དང་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་པས། བོད་ལ་གཞི་ནས་འགྱུར་ལྡོག་ཆེན་པོ་འདི་འདྲ་བྱུང་ཡོད་ཅེས་བརྗོད།

    ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཟུར་པ་ཤེས་རབ་ཉི་མས། བོད་རང་སྐྱོང་ལྗོངས་ཀྱི་ལོ་ངོ་60ཡི་རིང་གི་ལག་ལེན་ལས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་མཐུན་སྒྲིལ་འཕེལ་རྒྱས་ཡོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པ་དང་། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཕྱོགས་མང་པོའི་ལག་ལེན་བརྒྱུད་མེས་རྒྱལ་ལ་བློ་ཁ་ཕྱོགས་ནུས་ཀྱིས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་ལས་དབང་དང་ཟུང་འབྲེལ་དམ་ཟབ་བྱུང་སྟེ་བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་མ་ལག་ཆ་ཚང་ཞིག་བསྐྲུན་ཡོད་པ་གསལ་སྟོན་བྱས་ཡོད་ཅེས་བརྗོད།

    སི་རི་ལན་ཁ་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་ཅུས་ཀྱི་ཅུས་ཀྲང་ལས་རོགས་སྨི་ལན་ཅི·ཕི་ཝུའུ་སྨི·ཧན་ས་མཱ་ལི་ཡིས། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། གཙུག་ལག་ཁང་བཅས་དཔེ་རུ་བཞག་སྟེ་བོད་ཀྱི་རིག་གནས་ཤུལ་བཞག་གི་ཡུལ་སྐོར་འཕེལ་རྒྱས་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དབར་གྱི་འབྲེལ་བར་དཔྱད་བསྡུར་བྱས་པ་མ་ཟད། གྲོང་ཁྱེར་འཕེལ་རྒྱས་དེ་རྒྱུན་མཐུད་ཆོག་པའི་ཤུལ་བཞག་སྲུང་སྐྱོང་དང་རྨང་གཞིའི་སྒྲིག་བཀོད་འཆར་འགོད་བྱ་རྒྱུ་དང་ཕན་ཚུན་མཐུན་སྦྱོར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དོ་སྙོམས་ཡོང་བར་བྱེད་དགོས་ཞེས་བརྗོད།

    ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་གཏམ་བཤད་ལ་དཔྱད་གླེང་བྱས་ཤིང་། ཁོང་ཚོས་རིགས་གཅིག་མཁས་ཅན་དང་མཁས་དབང་གི་གཏམ་བཤད་ནང་ལོ་ངོ་60ཡི་རིང་གི་འཕེལ་རྒྱས་ཀྱི་ལག་ལེན་ནང་འདུས་པའི་རྩ་ཆེའི་ཉམས་མྱོང་དང་མིག་ལྟོས་ཀྱི་རིན་ཐང་སྙིང་བསྡུས་བྱས་ཡོད། བསམ་གཞིགས་དང་བློ་གྲོས་དེ་དག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།